རང་རྒྱལ་གྱི་ཆུ་གྲོན་ཆུང་གི་འབྲེལ་ཡོད་ཐོན་ལས་ཁྲོམ་རའི་གཞི་ཁྱོན་ཚོད་རྩིས་བྱས་ན་སྒོར་དུང་ཕྱུར་7600ལྷག་ཙམ་ཟིན་པ།
སྤེལ་དུས 2025-11-21
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། རང་རྒྱལ་གྱི་ཆུ་གྲོན་ཆུང་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཞིང་ལས་དང་། བཟོ་ལས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བ། རྒྱུན་སྲོལ་མིན་པའི་ཆུ་སོགས་ཀྱི་ཁྱབ་ཁོངས་སུ་སྣེ་འདྲེན་ཁེ་ལས་ཁག་གཅིག་ཐོན་པ་མ་ཟད། ཡུལ་ལུང་ཁག་ཏུ་ཆུ་གྲོན་ཆུང་གི་ཐོན་ལས་གླིང་ཁུལ་མང་པོ་གསར་དུ་བསྐྲུན་ནས་འབྲེལ་ཡོད་ཐོན་ལས་ཁྲོམ་རའི་གཞི་ཁྱོན་ཚོད་རྩིས་བྱས་ན་སྒོར་དུང་ཕྱུར་7600ལྷག་ཙམ་ཟིན་པ་རེད།
ཞིང་ལས་ལ་སྤྱོད་པའི་ཆུས་རྒྱལ་དམངས་དཔལ་འབྱོར་ལ་སྤྱོད་པའི་ཆུའི་སྤྱི་འབོར་གྱི་60%ཙམ་བཟུང་ཡོད་པས། དེ་ནི་ཆུ་སྤྱོད་མཁན་ཆེ་ཤོས་ཡིན་ལ་ཆུ་གྲོན་ཆུང་གི་གཏིང་ཤུགས་ཡོད་སའང་ཡིན། 2024ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཆུ་གྲོན་ཆུང་གི་ཆུ་འདྲེན་རྒྱ་ཁྱོན་མུའུ་དུང་ཕྱུར་6.38ཟིན་ནས་ལོ་10ཡི་གོང་དང་བསྡུར་ན་མུའུ་དུང་ཕྱུར་1ཡས་མས་འཕར་ནས་བྱང་ཤར་ས་ཆའི་ཆུ་གྲོན་ཆུང་དང་འབྲུ་རིགས་འཕར་བ་དང་། ཧྭ་བྱང་ས་ཆའི་ཆུ་གྲོན་ཆུང་དང་སྔོག་འདོན་ཉུང་གཏོང་། ནུབ་བྱང་ས་ཆའི་ཆུ་གྲོན་ཆུང་ལ་ཕན་འབྲས་ཐོན་པ། ལྷོ་ཕྱོགས་ས་ཆའི་ཆུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་བཅས་ཀྱི་ས་ཁོངས་ཀྱི་ཁྱད་ཆོས་གྲུབ་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་ཡུར་འདྲེན་ཆུ་སྤྱོད་བཏགས་གྲངས་0.565ནས་0.580བར་འཕར་ཏེ་རང་རྒྱལ་གྱི་ཆུ་འདྲེན་རྒྱ་ཁྱོན་དང་འབྲུ་རིགས་ཐོན་ཚད་བརྟན་པོ་འཕར་བར་འགན་ལེན་ནུས་ལྡན་བྱས་ཡོད།
འཚོ་བར་སྤྱོད་པའི་ཆུ་ཡིས་སྤྱི་ཚོགས་སུ་སྤྱོད་པའི་ཆུའི་སྤྱི་འབོར་གྱི་16%ཡས་མས་ཟིན་ཞིང་། 2012ལོ་ནས་2024ལོ་བར་འཚོ་བའི་ཆུ་སྤྱོད་ཚད་སྨི་ངོས་གྲུ་དུང་ཕྱུར་740ནས་སྨི་ངོས་གྲུ་དུང་ཕྱུར་927བར་འཕར་ཡོད། ཆུ་བེད་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་ཁྱབ་ཁོངས་ཀྱི་ཆུ་གྲོན་ཆུང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆུ་གྲོན་ཆུང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་མང་དུ་གཏོང་བ། འཚོ་བའི་ཆུ་གྲོན་ཆུང་གི་ཡོ་བྱད་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་བ་བཅས་བྱས་ཡོད། 2024ལོའི་ལོ་མཇུག་བར་རང་རྒྱལ་གྱི་བསྐྱར་སྐྱེས་ཆུ་བེད་སྤྱོད་བྱེད་ཚད་སྨི་ངོས་གྲུ་དུང་ཕྱུར་212ལྷག་ཙམ་ཟིན་པ་དང་། སྔོན་དཔག་བྱས་ན2030ལོར་སླེབས་སྐབས་རང་རྒྱལ་གྱི་བསྐྱར་སྐྱེས་ཆུ་བེད་སྤྱོད་བྱེད་ཚད་སྨི་ངོས་གྲུ་དུང་ཕྱུར་250ལས་བརྒལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་སྤྱོད་དགོས་མཁོའི་འགན་ལེན་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུ་རེད། ཆུ་བེད་པུའུ་ཡིས་ཆུའི་ཕན་འབྲས་མཚོན་རྟགས་དང་ཆུ་གྲོན་ཆུང་ཁས་ལེན་ལས་དོན་ཤུགས་ཆེན་སྤེལ་ནས་ཆུའི་ཕན་འབྲས་མཚོན་རྟགས་དེ་འཚོ་བའི་ཐོན་རྫས་རིགས་ཆེན་པོ་དྲུག་ལ་ཁྱབ་ཅིང་། རིགས་199དང་བཟོ་དབྱིབས་3000ལྷག་ཙམ་གྱི་ཆུའི་ཐོན་རྫས་ལ་ཆུ་གྲོན་ཆུང་ཁས་ལེན་བྱས་ཡོད།