ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་ལན་ཐན་ལིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ།

སྤེལ་དུས 2025-12-08 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
   ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་དང་། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་བཅས་ཡིན་པའི་ལན་ཐན་ལིའི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
  བརྟག་དཔྱད་བྱས་པ་བརྒྱུད། ལན་ཐན་ལིའི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་རྒྱབ་འགལ་བྱས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་མ་བྱས་པ་དང་བབ་བསྟུན་བྱས་པ། ཏང་གཤིས་ཀྱི་རྩ་དོན་ཤོར་བ་དང་། ཏང་ནང་ཁུལ་དུ་ཤོག་སྒྲིག་དང་ངན་པ་ཁྱུ་སྒྲིག་བྱས་པ། མི་སྒེར་གྱི་ཤོག་ཁག་བཙུགས་པ། མགོ་བདེ་སྐབས་འཚོལ་དང་ཁེ་དབང་ཧམ་གཉེར་བྱས་པ། ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་དང་གྲོགས་པོ་སྒྲིག་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་སྒྲིག་འགལ་ངང་གསོལ་སྟོན་མགྲོན་འབོད་ལ་ཞུགས་པ། རྩ་འཛུགས་ཀྱི་རྩ་དོན་ལས་འགལ་ནས་ལས་བྱེད་པ་སྒྲིག་འགལ་ངང་འདེམས་བསྐོ་བྱས་པ། སྤྱོད་གཙང་གི་མཐའ་ཚད་ཤོར་བ་དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པ། ཁྱིམ་སྲོལ་ཞན་པ་དང་ཁྱིམ་མིར་དོ་དམ་དང་སློབ་གསོ་ཡག་པོ་མི་རྒྱག་པ། བཅའ་ཁྲིམས་དང་སྒྲིག་ཁྲིམས་སྣང་མེད་དུ་བཏང་བ་དང་འདོད་རྔམ་ཚད་མེད་བྱས་ནས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་རོགས་བྱས་པ་དང་ལས་བྱེད་པ་འདེམས་བསྐོ་སོགས་ནས་ཁེ་བཟང་རག་ཐབས་བྱས་པ་མ་ཟད། ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་ཡོད།
  ལན་ཐན་ལིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་ཚབས་ཆེན་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ད་དུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་མཚམས་དང་ཚོད་མ་བྱས་པས་ངོ་བོ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》 དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་སྙན་སེང་ཞུས་པ་བརྒྱུད། ལན་ཐན་ལི་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་གཅོད་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་གཅོད་རྒྱུ། དེས་མ་ཚད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་གི་ཚོགས་ཆེན་བཅུ་གཉིས་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱ་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་གཞུང་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས་ནས། གྱོད་འབྲེལ་རྒྱུ་དངོས་ཡང་མཉམ་དུ་རྩིས་སྤྲོད་རྒྱུའི་ཐག་བཅད་པ་རེད། དེ་བཞིན་ཁོ་པ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་དེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཚོགས་རྗེས་ཁས་ལེན་རྒྱུ་ཡིན།