ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

གཅིག་སྡུད་དྲོད་གཏོང་གིས་མཐོ་གྲང་ས་ཁུལ་གྱི་མི་རིགས་ཤང་ལ་དྲོ་སྐྱིད་སྦྱིན་པ།

སྤེལ་དུས 2025-12-08 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་ཆར། ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཨེ་ཝུན་ཁེ་རིགས་རང་སྐྱོང་ཆི་པ་ཡན་ཐ་ལ་ཏ་ཝོར་མི་རིགས་ཤང་གི་འབྲོག་མོ་ཧྲན་ཁྲུན་ཡན་གྱིས“གཅིག་སྡུད་དྲོད་རླངས་གཏོང་འགོ་ཚུགས་པས་ཁང་པའི་ནང་ཧ་ཅང་དྲོ་པོ་འདུག སྟོད་གོས་ཀྱང་མང་པོ་རྩེག་དགོས་མི་འདུག”ཅེས་བཤད། ཁང་པའི་ཕྱི་རོལ་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཙམ་ཟིན་ཡང་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་20ལྷག་ཙམ་ཡོད།
  ཧྲན་ཁྲུན་ཡན་གྱི་དྲན་ཤེས་ནང་ཁྱིམ་ཚང་ཚང་མས་དགུན་དུས་ཁྲོ་ཐབ་གཏོང་གི་ཡོད་པས་དྲོད་ཚད་གཏན་པོ་མེད་ལ་ད་དུང་སོལ་ཐལ་ཡང་ལང་བདེ་པོ་ཡོད།
  ད་ལོའི་ཟླ་བཅུ་པར་ཨེ་ཝུན་ཁེ་རིགས་རང་སྐྱོང་ཆི་གྲོང་གསེབ་དར་རྒྱས་ཀྱི་སྤྱི་ལེ་155ཡི་དྲོད་གཏོང་མདོང་དྲ་དང་སྤྱི་ལེ་150ཡི་ཆུ་གཏོང་མདོང་དྲའི་དུས་ཐེངས་དང་པོའི(པ་ཡན་ཐ་ལ་ཏ་ཝོར་མི་རིགས་ཤང་དུམ་བུ)རྣམ་གྲངས་ཚོད་ལྟའི་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། པ་ཡན་ཐ་ལ་ཏ་ཝོར་མི་རིགས་ཤང་འདི་ཉིད་རང་རྒྱལ་གྱི་མཐོ་གྲང་ས་ཁུལ་དུ་བར་ཐག་རིང་བའི་གཅིག་སྡུད་དྲོད་གཏོང་ཐུབ་པའི་མི་རིགས་ཤང་དང་པོར་གྱུར་ཡོད།
  2021ལོར་ཧྭ་ནེང་དབྱི་མིན་གློག་ཁང་ནས་ཧུའུ་ལུན་པེར་གྱི་ལྟེ་བའི་གྲོང་ཁུལ་བར་གྱི་བར་ཐག་རིང་བའི་དྲོད་གཏོང་ལས་གྲྭ་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་ཤིང་། ལས་གྲྭ་དེ་ཨེ་ཝུན་ཁེ་རིགས་རང་སྐྱོང་ཆིའི་སུའུ་མུའུ་ཤང་དང་གྲོང་རྡལ་5བརྒྱུད་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཧུའུ་ལུན་པེར་གྱི་ལྟེ་བའི་གྲོང་ཁུལ་ལ་ཆུ་གཏོང་བའི་ཧེ་དབྱང་ས་ཚིགས་ཀྱི་འཐུང་ཆུ་བཟོ་གྲྭའི་ཆུ་འདྲེན་མདོང་ལམ་ཡང་ཨེ་ཝུན་ཁེ་རིགས་རང་སྐྱོང་ཆི་བརྒྱུད་ཡོད། ལས་གྲྭ་དེ་གཉིས་ཀྱིས་ལམ་རྒྱུད་ས་ཁུལ་དུ་ནུས་རྒྱུ་གཙང་མའི་དྲོད་དང་ཆུ་གཅིག་སྡུད་ཐོག་བཏང་ཡོད་པས། པ་ཡན་ཐ་ལ་ཏ་ཝོར་མི་རིགས་ཤང་ནི་ཕན་པ་ཐོབ་པའི་ས་ཁུལ་གྱི་གྲས་སུ་གྱུར་ཡོད།
  ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། པ་ཡན་ཐ་ལ་ཏ་ཝོར་མི་རིགས་ཤང་གིས་དྲོད་གཏོང་མདོང་དྲ་སྤྱི་ལེ་64.2དང་ཆུ་གཏོང་མདོང་དྲ་སྤྱི་ལེ་56.1ཁྲིད་པ་དང་། གཅིག་སྡུད་ཚོད་འཛིན་ལྟེ་གནས་དང་། ཚ་བརྗེ་ས་ཚིགས། ཆུ་གཙང་ས་ཚིགས་སོགས་སྒྲིག་བཀོད་གསར་དུ་བསྐྲུན་ནས་གཅིག་སྡུད་དྲོད་གཏོང་དང་ཆུ་བརྟན་པོ་བཏང་ཐུབ་པའི་མ་ལག་ཆ་ཚང་ཞིག་བསྐྲུན་ཡོད། མིག་སྔའི་བར་གཅིག་སྡུད་དྲོད་གཏོང་ལས་གྲྭ་དུད་ཚང་900ལྷག་ཙམ་ལ་ཁྱབ་ཡོད་པ་དང་དྲོད་གཏོང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་17.23ཟིན་པ། ཁག་དང་པོར་ཁྲིད་པའི་དུད་ཚང་264ཟིན་ཡོད།
  ཧྲན་ཁྲུན་ཡན་གྱིས“ངའི་ཁྱིམ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་200ཙམ་ཡོད། རྡོ་སོལ་གཏོང་སྐབས་སྐྱེལ་འདྲེན་གྲོན་དངུལ་བསྣན་ན་ལོ་རེར་སྒོར་8000ལྷག་ཙམ་འགྲོ་གི་འདུག གཅིག་སྡུད་དྲོད་རླངས་བཏང་རྗེས་ལོ་རེར་སྒོར་5000ལྷག་ཙམ་ལས་འགྲོ་གི་མི་འདུག”ཅེས་རྩིས་ཤིག་བརྒྱབ་ནས་བཤད།
  སྐྱེ་ཁམས་སྲུང་སྐྱོང་ཐད་ཐོབ་པའི་ཕན་འབྲས་ཀྱང་བཀྲག་མདངས་འཚེར་བ་ཞིག་ཡོད་ཅིང་། ཚོད་རྩིས་བརྒྱབ་པར་གཞིགས་ན། རྒྱུན་གཏན་གྱི་དྲོད་ལེན་དང་བསྡུར་ན། གཅིག་སྡུད་དྲོད་གཏོང་ལས་གྲྭ་ཤང་ཡོངས་སུ་ཁྱབ་རྗེས་ལོ་རེར་ཆ་སྙོམས་དུ་རྡུལ་ཏུན་112.3དང་། དབྱང་གཉིས་མུ་ཟི་ཏུན་62.4 ཏན་དབྱང་འགྱུར་རྫས་ཏུན་74.9བཅས་ཕྱིར་འབུད་ཉུང་དུ་སོང་ཡོད།