ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དཔྱིད་གསར་འགྲུལ་བཞུད་ཁྲོད་འོད་དུ་འཚེར་བའི་ནོར་བུ་ཚེ་རིང་ལགས།

སྤེལ་དུས 2026-02-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

            2026ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་གྱི་མེ་འཁོར་འབབ་ཚུགས་སུ་མི་ཚོགས་ཀྱི་འདུ་འགོད་འཁྲིགས་ཤིང་།  གནམ་ལོ་གསར་པའི་དགའ་སྟོན་ལ་བྲེལ་པའི་འགྲུལ་པ་མང་པོ་ཞིག་གིས་རྡོག་ཁྲེས་ཁུར་དུ་ལེན་བཞིན་རེ་བ་དང་མཇལ་འཛོམས་ཀྱི་འདུན་པ་དྲག་པོ་དང་བཅས་ཕ་ཡུལ་དང་ཕ་མ་སྤུན་མཆེད་ཚོའི་ཕྱོགས་སུ་བྲེལ་འཚུབ་ངང་ཆས་བཞིན་མཆིས།

            མཚོ་སྔོན་ཟི་ལིང་མེ་འཁོར་འབབ་ཚུགས་དེ་མཚོ་བོད་ལྕགས་ལམ་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན་པའི་ཆ་ནས་འགྲུལ་པ་ཧ་ཅང་མང་བའི་དུས་ལ་སླེབས་ཡོད། གྲང་ངར་ཆེ་བ་དང་། ས་མཐོའི་ཁོར་ཡུག་དམིགས་བསལ་གྱིས་དཔྱིད་གསར་སྐྱེལ་འདྲེན་འགན་སྲུང་ལས་དོན་ལ་དཀའ་ངལ་ཅུང་ཆེ་མོད། འགྲུལ་པ་རྣམས་གངས་ལྗོངས་མཐོ་སྒང་ནས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་སྒོ་ནས་འགྲུལ་བཞུད་བྱེད་པར་འགན་ལེན་བྱ་ཆེད། ཕ་ཡུལ་བོད་ལྗོངས་ནས་ཡིན་པའི་ནོར་བུ་ཚེ་རིང་གིས་མཚོ་སྔོན་ཟི་ལིང་མེ་འཁོར་འབབ་ཚུགས་སུ་འགྲུལ་པར་ལམ་སྟོན་དང་པ་སེ་ཞིབ་བཤེར། རྒན་བྱིས་བསུ་སྐྱེལ། དངོས་ཟོག་སྤོ་སྣུར་སོགས་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་རོལ་དུ་འགྲོ་མཁན་གྱི་འགྲུལ་པ་མང་པོ་ཞིག་ལ་ཞབས་འདེགས་ལེགས་པར་ཞུ་བཞིན་ཡོད།

            ཤེས་རྟོགས་བྱུང་བར་ལྟར་ན། ནོར་བུ་ཚེ་རིང་གིས་མཚོ་སྔོན་ཟི་ལིང་མེ་འཁོར་འབབ་ཚུགས་སུ་ལས་ཀ་བྱས་ནས་ལོ་གཅིག་ལྷག་སོང་བ་དང་། དེའི་རིང་ལ་རང་གི་ཕ་ཡུལ་དུ་ཐེངས་གཅིག་མ་གཏོགས་ལོག་མྱོང་མེད། ད་ཆ་ཟི་ལིང་མེ་འཁོར་འབབ་ཚུགས་སུ་བོད་ལྗོངས་ལ་འགྲོ་མཁན་གྱི་འགྲུལ་པ་མང་བ་དང་། ད་ལོ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གཉིས་མཉམ་དུ་འཁེལ་བས་ཁོང་ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག་ཐུབ་མེད། ཁོང་གིས། ལས་གནས་བརྟན་སྲུང་གིས་འགྲུལ་པ་མང་པོ་ཁྱིམ་དུ་ལོག་ཐུབ་ཚེ། ངའི་ལས་ཀ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད་སྙམ་གྱི་འདུག་ཅེས་གསུངས།

ནོར་བུ་ཚེ་རིང་ལགས།

            བདེ་འཇགས་ནི་དཔྱིད་གསར་སྐྱེལ་འདྲེན་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་ཡིན། མཚོ་སྔོན་ཟི་ལིང་མེ་འཁོར་འབབ་ཚུགས་སུ་འགྲུལ་པ་རྒན་རྒོན་དང་། དབང་པོ་སྐྱོན་ཅན། སྦྲུམ་མ། ཕྲུ་གུ་འཁྲིད་པའི་ཁྱིམ་ཚང་བཅས་ལ་ནོར་བུ་ཚེ་རིང་གིས་རོགས་རམ་གནང་བ་ནི་ཉིན་རེའི་ལས་ཀའི་གྲུབ་ཆ་གཙོ་བོ་ཡིན་པ་དང་། འགྲུལ་པ་ནང་མིར་བརྩིས་ཤིང་གཞན་ཕན་ཁུར་དུ་བཏེགས་པས་ལས་ཀར་ཞུགས་ནས་ཟླ་བ་གཅིག་ལས་སོང་མེད་རུང་འགྲུལ་པ་ཚོས་བསྔགས་བརྗོད་ཡང་ཡང་གནང་མྱོང་།

            མིག་སྔར། ནོར་བུ་ཚེ་རིང་ཚུད་པའི་མཚོ་སྔོན་ཟི་ལིང་མེ་འཁོར་བབས་ཚུགས་ཀྱི་ལས་བཟོ་པ་ཡོངས་ཀྱིས་ཚད་གཞི་མཐོ་ཤོས་དང་། བཞུད་ལམ་བདེ་བགྲོད། ཞབས་ཞུ་ལེགས་ཤོས་བཅས་ཀྱི་ཐོག་ནས2026ལོའི་དཔྱིད་གསར་སྐྱེལ་འདྲེན་བརྟན་ལ་གོ་རིམ་ལྡན་པ།  བདེ་ལ་སྐྱིད་སྣང་དོད་པ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ།  འགྲུལ་པ་ཚང་མ་འཛམ་གླིང་ཡང་རྩེའི་“མཁའ་ལམ”ཐོག་དྲོ་སྐྱིད་དང་བློ་བདེ་བག་ཕེབས་ངང་ཕ་ཡུལ་དུ་ལོ་གསར་གཏོང་བར་འགྲོ་རྒྱུར་ལས་གནས་བརྟན་སྲུང་གནང་བཞིན་པ་དང་། རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་དང་འབུལ་མུས་རེད།

རྩོམ་སྒྲིག་པ། རིག་གྲོལ།