དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ནང་སའི་འགྲུལ་པ་ཁྲི་143ཙམ་ཤང་ཀང་དུ་ཡུལ་སྐོར་ལ་བསྐྱོད་རྒྱུ་ཡིན་པ།
སྤེལ་དུས 2026-02-11
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྡེ་ཚན་སྒྲོལ་བའི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཉིན་ཤས་གོང་འཚོགས་ནས། སྡེ་ཚན་ཁག་གིས་ཤང་ཀང་དུ་ཡུལ་སྐོར་ལ་ཡོང་མཁན་འགྲུལ་པར་སྣེ་ལེན་ཞུ་བའི་གྲ་སྒྲིག་ལས་དོན་ལ་སྤྱི་འདོམས་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་རྒྱལ་མཚམས་ནང་འཛུལ་ཁྲུའུ་ཡིས་སྔོན་དཔག་བྱས་ན་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ནང་སའི་འགྲུལ་པ་ཁྲི་143ཙམ་ཤང་ཀང་དུ་བསྐྱོད་རྒྱུ་རེད།
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྲིད་དོན་སིའི་སི་ཀྲང་ཁྲེན་གོ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། འགག་སྒོ་དང་འགྲིམ་འགྲུལ་ལྷན་སྦྱར་ལ་མཐུན་སྦྱོར་ཧུར་ཐག་དང་སྤྱི་འདོམས་བྱེད་པ་དང་འབྲེལ་ཡོད་སྒྲིག་གཞི་དང་ཡུལ་སྐོར་ལས་རིགས་དབར་འབྲེལ་བ་དམ་ཟབ་བྱས་ཏེ་མི་རྒྱུན་དོ་དམ་དང་། ཆ་འཕྲིན་ཡོངས་བསྒྲགས། སྤྱི་པའི་འགྲིམ་འགྲུལ་དང་འགག་སྒོ་ཁག་གི་བཀོད་སྒྲིག་ཡག་པོ་བྱེད་པ་བཅས་ཚུད་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཤང་ཀང་དུ་ཡུལ་སྐོར་ལ་ཡོང་མཁན་འགྲུལ་པར་སྣེ་ལེན་ཞུ་བའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས། ལྷུ་ཚིགས་ཁག་གི་འཁོར་རྒྱུག་བདེ་བླག་ཡོང་བའི་འགན་ལེན་བྱས་ཏེ་ཤང་ཀང་དུ་ཡུལ་སྐོར་ལ་ཡོང་མཁན་འགྲུལ་པར་མྱོང་ཚོར་ཡག་པོ་ཡོང་བར་བྱེད་དགོས་ཞེས་བརྗོད་པ་རེད།
ཉེན་དོན་ཁྲུའུ་དང་། རྒྱལ་མཚམས་ནང་འཛུལ་ཁྲུའུ། འགག་སྒོ། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་བཙུགས་པའི་སྡེ་ཚན་སྒྲོལ་བའི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ཟླ་2ཚེས་14ནས་23ཉིན་བར་སྤྱོད་འགོ་འཛུགས་རྒྱུ་དང་འགག་སྒོའི་ས་ཡུལ་དངོས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་མ་ཟད། ནང་སའི་འགག་སྒོ་སྡེ་ཚན་དང་མཉམ་དུ་འགག་སྒོའི་ཐད་སྦྲེལ་ཁ་པར་དང་འཕྲལ་དུ་བརྡ་ཁྱབ་གཏོང་བའི་ལམ་སྲོལ་ལ་བརྟེན་ནས་འབྲེལ་བ་དམ་ཟབ་བྱས་ཏེ་དགོས་མཁོ་ཡོད་ཚེ་འཕྲལ་དུ་བབ་བསྟུན་དང་སྐོང་འཐེན་བྱ་རྒྱུ་རེད།