མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་གཅིག་རིང་དུ་ཕྱིན་པའི་རིན་ཐང་།
སྤེལ་དུས 2026-02-11
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
2025ལོར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79ལ་སླེབས་ནས་ལོ་ལྔའི་འཆར་འགོད་གསུམ་བསྟུད་མར་ལོ་གཅིག་ཡན་རིང་དུ་ཕྱིན་ཡོད། འཛམ་གླིང་གི་ཁྱབ་ཁོངས་ནས་བལྟས་ན། དེ་ལས་རང་རྒྱལ་གྱི་གྲོང་མིའི་བདེ་ཐང་གི་སྟོན་རྟགས་གཙོ་བོ་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་མཚོན་གྱི་ཡོད། རྒྱལ་སྤྱིའི་ཉམས་མྱོང་ལས་མངོན་པར། རྒྱལ་ཁབ་གཅིག་གི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་75ཡན་གྱི་ཆུ་ཚད་ཅུང་མཐོ་ཙམ་ལ་སླེབས་ཚེ། འཕར་ཚད་རྒྱུན་དུ་མངོན་གསལ་དོད་པོས་དལ་དུ་འགྲོ་བ་དང་། འཕར་ཚད་ཅུང་ཟད་རེ་མཐོ་རུ་འགྲོ་དགོས་ནའང་འབད་བརྩོན་ལྡབ་བརྒྱ་བྱེད་དགོས་ཀྱི་ཡོད། འོན་ཀྱང་རང་རྒྱལ་གྱིས་གཞི་གྲངས་ཅུང་མཐོ་བའི་ཐོག་སླར་ཡང་མཆོང་སྐྱོད་མངོན་འགྱུར་ཡོང་བ་བྱས་པ་དེ་ལས་མི་གྲངས་དུང་ཕྱུར་14ལྷག་ཙམ་གྱི་ཚེ་སྲོག་བདེ་ཐང་གི་ཆུ་ཚད་ཕྱོགས་ཡོངས་དང་། རྒྱུན་མཐུད། ཆ་ལག་ཚང་བ་བཅས་ཀྱི་སྒོ་ནས་ལེགས་སུ་ཕྱིན་པ་མཚོན་ཡོད། གྲུབ་འབྲས་དེ་ཐོབ་པ་ནི། རང་རྒྱལ་གྱིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་གཏོང་དང་། འཕྲོད་བསྟེན་བདེ་ཐང་དང་། སྤྱི་ཚོགས་འགན་སྲུང་། རྒན་གསོ་བུ་བཅོལ་སོགས་སྤྱི་ཚོགས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་ཚད་རྟགས་ཤིག་རེད་ལ། མི་དམངས་ལྟེ་བར་བཟུང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་བའི་མཚོན་ཚུལ་དངོས་ཤིག་ཀྱང་རེད།
ལོ་གཅིག་རིང་དུ་ཕྱིན་པ་ནི་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་འདེགས་སྐྱོར་བརྟན་པོ་ལས་བྱུང་བ་ཞིག་རེད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ནི་སྤྱི་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་དང་ཐད་ཀར་འབྲེལ་བ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱིས་སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འགོས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། གཅོང་ནད་ཚབས་ཆེན་སྔ་ཙམ་གྲལ་བཤེར་དང་། བརྟག་དཔྱད། སྨན་བཅོས་བཅས་ལ་སྐུལ་འདེད་གཏོང་བ། གསར་ཐོན་དང་ཐོལ་བྱུང་གི་འགོས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ། གྲོང་མིའི་ནད་རིགས་15ལ་རིན་མི་དགོས་པར་སྔོན་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་མཁོ་འདོན་བཅས་བྱས་པས། འགོས་ནད་ཚབས་ཆེན་ཐོན་ཚད་དམའ་པོ་ཞིག་ཏུ་རྒྱུན་འཁྱོངས་ཐུབ་པ་དང་གཅོང་ནད་ཚབས་ཆེན་རྐྱེན་གྱིས་དུས་མིན་འཆི་ཚད་15%མན་བར་ཆག་ཡོད། དེ་དང་ཆབས་ཅིག་རང་རྒྱལ་གྱིས“ནད་ཆེན་ཞིང་ཆེན་ནས་སྨན་བཅོས་ཐུབ་པ་དང་། སྤྱིར་བཏང་གི་ནད་གྲོང་ཁྱེར་དང་རྫོང་ནས་སྨན་བཅོས་ཐུབ་པ། རྒྱུན་གཏན་གྱི་ནད་གཞི་རིམ་ནས་ཐག་གཅོད་ཐུབ་པ”བཅས་ལ་དམིགས་ནས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་སྟོབས་ཆེར་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་པ། རིམ་དབྱེའི་སྨན་བཅོས་མ་ལག་མགྱོགས་མྱུར་འཛུགས་པ་བཅས་བྱས་ཏེ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་དབུས་ནུབ་ས་ཁུལ་དུ་རྒྱ་སྐྱེད་གཏོང་བ་དང་། མི་འབོར་ཅུང་མང་བའི་ས་ཁུལ་དུ་སྣུར་སྲིང་བྱེད་པ། རྫོང་ཁོངས་ཀྱི་གཞི་རིམ་དུ་ཕྱོགས་པ་བཅས་ལ་སྐུལ་འདེད་བཏང་ཡོད། 2025ལོའི་ལོ་མཇུག་བར་གྲོང་མི་90%ལྷག་ཙམ་སྐར་མ་15ཡི་ནང་ཐག་ཉེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་ས་ཚིགས་སུ་སླེབས་ཐུབ་པ་དང་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱིས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་ཡོད་པ་རེད།
ལོ་གཅིག་རིང་དུ་ཕྱིན་པ་ནི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གི་མཐིལ་འདེགས་ཆེན་པོ་ལས་བྱུང་བ་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས། དྲང་གཞག་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྤྱི་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཚེ་སྲོག་གི་དུས་འཁོར་ཧྲིལ་པོ་ནས་མི་དམངས་ཀྱི་འཚོ་བར་མཐིལ་འདེགས་དང་གཡས་གཞོགས་གཡོན་འདེགས་བྱས་ཡོད། རྒན་གསོ་འགན་བཅོལ་དང་ཡུན་རིང་ལྟ་སྐྱོང་འགན་སྲུང་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། 2025ལོའི་ལོ་མཇུག་བར་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་10.76ཟིན་པ་དང་ཐེབས་རྩའི་མ་འཇོག་གཉེར་སྐྱོང་གི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་2.98ཟིན་ཡོད། ཡུན་རིང་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་རིམ་བཞིན་ཁྱབ་གདལ་བཏང་སྟེ་མི་དུང་ཕྱུར་1.9ཡིས་ཡུན་རིང་བདག་སྐྱོང་གི་འགན་བཅོལ་ནང་ཞུགས་པས་ནུས་ཤོར་མི་སྣའི་ཡུན་རིང་ནད་སྐྱོང་གི་གནད་དོན་ཐག་གཅོད་ཡག་པོ་བྱུང་ཡོད། ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། 2025ལོའི་ལོ་མཇུག་བར། འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་2.49དང་མི་དུང་ཕྱུར་3.05སོ་སོར་ཟིན་པ་དང་། ལས་ཞུགས་རྣམ་པ་གསར་པའི་ལས་རིགས་ཀྱི་གནོད་འཚེ་འགན་ལེན་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཉིན་གྲངས་ལ་གཞིགས་ནས་འགན་བཅོལ་ནང་ཞུགས་པ་དང་རྩིས་ཐོར་གཞིགས་ནས་འགྲོ་སོང་རྩིས་རྒྱག་པ་སོགས་ཀྱི་བྱ་ཐབས་གསར་གཏོད་བྱས་ནས་སྟབས་བསྟུན་ལས་ཞུགས་ཚོགས་སྤྱིར་དེ་བས་འགན་ལེན་ནུས་ལྡན་བྱས་ཡོད། སྨན་བཅོས་འགན་ལེན་དྲ་རྒྱ་རྒྱུན་མཐུད་བརྟན་དུ་བཏང་ནས་རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྲོང་མིའི་མི་གྲངས་དུང་ཕྱུར་13ཡན་རྒྱུན་འཁྱོངས་ཐུབ་པ་དང་། 2021ལོ་ནས་2024ལོའི་བར་རིམ་རྩིས་བརྒྱབ་ན་སྨན་བཅོས་བྱེད་མཁན་མི་ཐེངས་དུང་ཕྱུར་200ཙམ་ལ་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་ལོངས་སྤྱོད་ཐུབ་ནས་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་སོང་ཡོད།
ལོ་གཅིག་རིང་དུ་ཕྱིན་པ་ནི“རྒན་གཅིག་གཞོན་གཅིག”སོགས་གཙོ་གནད་མི་ཚོགས་ལ་གནད་སྨིན་ལྟ་སྐྱོང་བྱས་པ་ལས་བྱུང་བ་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས“རྒན་གཅིག་གཞོན་གཅིག”གི་ཚོགས་སྤྱིའི་དགོས་མཁོ་སྐོང་རྒྱུར་དམིགས་པ་དང་།“རྒན་རྒོན་ལ་ལྟ་རྟོག”ཡག་པོ་བྱེད་པ། “བྱིས་པར”སྲུང་སྐྱོང་ཡག་པོ་བཅས་བྱས་ཡོད། རྒན་གསོའི་ཐད། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་ཁྲི་224ལ་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་ཀྱི་རྒན་གསོའི་སྒྲིག་གཞི་དང་སྒྲིག་བཀོད་བསྡོམས་འབོར་ཁྲི་40ཙམ་ཟིན་པ། ནད་སྐྱོང་རྣམ་པའི་ཉལ་ཁྲིའི་བསྡུར་གྲངས་བཟུང་ཚད་67.5%བར་མཐོ་རུ་ཕྱིན་ཏེ་རིམ་པ་དང་རིགས་མང་བའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་ངང་བསྐངས་ཡོད། བུ་བཙའ་དང་བུ་བཅོལ་ཐད། སྦྲུམ་མ་འཆི་ཚད་དང་ཕྲུ་གུ་དམར་འབྱར་འཆི་ཚད་2020ལོའི་ཁྲི་16.9/10དང་5.4‰ནས་2024ལོའི་ཁྲི་14.3/10དང་4.0‰བར་སོ་སོར་ཆག་སྟེ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད། མི་སྟོང་རེར་བཅོལ་གསོའི་ཞབས་ཞུ་བྱེད་ས་2020ལོའི་1.8ནས་2025ལོའི་4.73བར་མང་དུ་ཕྱིན་ཏེ་163%བར་འཕར་ནས་མང་ཚོགས་ཀྱི་བཅོལ་གསོ་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་ངང་བསྐངས་ཡོད། གཞོན་ནུ་ལོ་ཆུང་ཐད“སློབ་མའི་གཟུགས་གཞི་བདེ་ཐང་གི་འཆར་གཞི”དང་། “རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་འོད་ཟེར་བྱ་སྤྱོད” “སློབ་མའི་སེམས་ཁམས་བདེ་ཐང་ལས་དོན་གྱི་ཆེད་དོན་བྱ་སྤྱོད་འཆར་གཞི”བཅས་ལག་བསྟར་ཤུགས་ཆེན་བྱས་པས་སློབ་མའི་ལུས་སེམས་བདེ་ཐང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།
ལོ་གཅིག་རིང་དུ་སོང་བ་ལས་དམངས་འཚོའི་བདེ་རྩ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་དེ་བས་ཀྱང་མཚོན་གྱི་ཡོད། དམངས་འཚོ་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་མངོན་ཞིང་། ཀྲུང་གོ་བའི་གསོལ་ཅོག་གི་དགོས་མཁོ་དེ“གྲོད་པ་རྒྱགས་པ”ནས“ཡག་པོ་བཟའ་བའི”བར་དང་དེ་ནས“བདེ་ཐང་གི་ཟས་བཟའ་བའི”བར་འགྱུར་ལྡོག་བྱུང་བ་དང་། འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་ལག་དེ་གྲོང་ཁྱེར་དུ་སླེབས་པར་ཉིན་ཕྱེད་འགོར་བ་ནས་ད་ཆ་ལྷོ་བྱང་ཉིན་གཅིག་ལ་འཁོར་བའི་བར་རིམ་སྤོར་བྱུང་བ། བདེ་འཇགས་ཡག་པོ་བྱུང་བ་དེ་འཚོ་བ་ཅི་ཙམ་བསྐྱལ་བ་དེ་ཙམ་གྱིས་བག་ཕེབས་སུ་སོང་ཡོད། དམངས་འཚོ་སྔོ་ལྗང་རི་ཀླུང་ཁྲོད་དེ་བས་ཀྱང་གནས་ཤིང་། ད་ཆའི་ཀྲུང་གོ་འདི་ཉིད་ནམ་མཁའ་སྔར་བས་གཡའ་དག་པ་དང་། ས་གཞི་སྔར་བས་སྔོ་ལྗང་། ཆུ་བོ་སྔར་བས་དྭངས་བ། མཁའ་རླུང་སྤུས་ཚད་ལོ་རེ་བཞིན་ལེགས་སུ་འགྲོ་བ། གྲོང་ཁྱེར་གྱི་སྤྱི་གླིང་དང་གྲོང་གསེབ་ཀྱི་སྔོ་ལྗང་བར་ཁྱམས་གང་སར་མཐོང་རྒྱུ་ཡོད་པ། མཐོང་ཐུབ་པའི་སྐྱེ་ཁམས་ལེགས་བཅོས་དེ་ཉིད་ཀུན་ལ་ཕན་པའི་དམངས་འཚོའི་བདེ་རྩར་གྱུར་ནས་མང་ཚོགས་ཀྱི་ལུས་སེམས་གཉིས་བདེའི་ཆེད་གཡས་གཞོགས་གཡོན་འདེགས་བྱེད་བཞིན་ཡོད།