ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ས་ཁུལ་མང་པོས་སློབ་མར་དཔྱིད་ཀའི་གུང་གསེང་འཇོག་རྒྱུ་རེད་འདུག

སྤེལ་དུས 2026-03-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       2026ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་སློབ་གྲྭ་འབྲིང་ཆུང་གི་སྟོན་དཔྱིད་གཉིས་ཀྱི་གུང་གསེང་ཁྱབ་གདལ་གཏོང་རྒྱུ་དང་། ལས་བཟོ་པར་ཕོགས་ལྡན་འཚང་ཁ་གཡོལ་བའི་འཁོར་ཞག་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་བཏོན་ཡོད།
       ས་གནས་མང་པོ་ཞིག་གིས་དཔྱིད་ཀའི་གུང་གསེང་དེ་དྭངས་གསལ་དུས་ཆེན་ནམ་ཡང་ན་ལྔ་གཅིག་གུང་གསེང་དང་འབྲེལ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།
       དཔྱིད་ཀའི་སློབ་དུས་ཀྱི་སློབ་འགོ་ཚུགས་པ་དང་བསྟུན་ནས། ཉེ་ཆར་ས་གནས་མང་པོ་ཞིག་གིས2026ལོའི་དཔྱིད་ཀའི་གུང་གསེང་གི་བཀོད་སྒྲིག་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ཡོད།
དེ་ཡང་། སི་ཁྲོན་ཁྲེན་ཏུའུ་རུ་སློབ་གྲྭ་འབྲིང་ཆུང་གི་དཔྱིད་ཀའི་གུང་གསེང་གི་དུས་ཚོད་དེ་ཆུས(གྲོང་ཁྱེར)དང་རྫོང་ཁག་གིས་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཞིབ་ཕྲའི་ངལ་གསོའི་དུས་ཚོད་རང་བརྟེན་གདམ་ག་བྱེད་བཞིན་ཡོད། དེའི་ཁྲོད། ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་དང་། ཆིང་ཡང་ཆུས། ཅིན་ཉིའུ་ཆུས། ཁྲེང་ཧྭ་ཆུས། ཅིན་ཐང་རྫོང་། ཅན་དབྱང་གྲོང་ཁྱེར་བཅས་དང་དེ་བཞིན་ཁྲེང་ཏུའུ་མཐོ་གསར་ཆུས་དང་སི་ཁྲོན་ཐེན་ཧྥུའུ་ཁུལ་གསར་གྱི་སློབ་གྲྭ་ཁག་གཅིག་གིས2026ལོའི་དཔྱིད་ཀའི་གུང་གསེང་དུས་ཚོད་དེ་ཟླ4པའི་ཚེས1ཉིན་ནས་ཚེས3ཉིན་བར་བཞག་ནས་དྭངས་གསལ་དུས་ཆེན་དང་འབྲེལ་རྒྱུའི་བརྡ་ཐོ་བཏང་ཡོད།
       ཅང་སུའུ་རུ། ནན་ཅིང་དང་། དབྱང་ཀྲོའུ། སུའུ་ཀྲོའུ། ཁྲང་ཀྲོའུ། ཡན་ཁྲེང་། ལེན་ཡུན་ཀང་། སུའུ་ཆན་སོགས་ས་ཆའི་དཔྱིད་ཀའི་གུང་གསེང་དུས་ཚོད་དེ་ཟླ4པའི་ཚེས1ཉིན་ནས་ཚེས3ཉིན་བར་ཡིན་པ་དང་། ཟླ4པའི་ཚེས4ཉིན་ནས་ཚེས6ཉིན་བར་གྱི་དྭངས་གསལ་དུས་ཆེན་གྱི་ངལ་གསོའི་དུས་ཚོད་དང་འབྲེལ་རྒྱུ་ཡིན་པས། ཉིན6གི་ངལ་གསོའི་དུས་ཚོད་ཡོད།
       རིགས་གཅིག་མཁས་པས། སློབ་ཕྱིའི་ཉམས་ལེན་མང་དུ་བཏང་ན་འཚར་ལོངས་ལ་ཕན་པ་དེ་བས་ཆེ་བ་ཡོད་ཅེས་གསུངས་འདུག
       མིག་སྔར། སློབ་གྲྭ་འབྲིང་ཆུང་གི“སྟོན་དཔྱིད་གུང་གསེང”ཁྱབ་གདལ་གཏོང་བཞིན་ཡོད་པས། ཁྱིམ་བདག་ལ་ལས“གུང་གསེང་མང་དུ་བཏང་ན། བྱིས་པའི་སློབ་སྦྱོང་རྗེས་སུ་ལུས་མི་ཡོང་ངམ”སྙམ་པའི་སེམས་ཁྲལ་བྱེད་བཞིན་ཡོད་པ་དང་། ཡང་ལ་ལས“སྟོན་དཔྱིད་གུང་གསེང་བསྣན་ན། སློབ་ཁྲིད་ཀྱི་འགྲོས་ཚད་དཀྲུག་མི་ཡོང་ངམ”སྙམ་ནས་སེམས་ཁྲལ་བྱེད་བཞིན་ཡོད། ད་དུང་ཕ་མ་གཉིས་ཀ་ལས་ཀར་འགྲོ་དགོས་པའི་ཁྱིམ་ཚང་ནི་མ་གཞི་ནས་བྲེལ་འཚུབ་ཆེ་བས། བྱིས་པར་ངལ་གསོའི་ཉིན་མོ་འགའ་ཤས་མང་དུ་ཕྱིན་ན། ཕ་མ་ལས་ཀར་འགྲོ་དུས་སུས་བྱིས་པར་ལྟ་སྐྱོང་བྱེད་དགོས་པ་དེ་གནད་དོན་ཞིག་ཏུ་གྱུར་ཡོད།
       རིགས་གཅིག་མཁས་པས། “སྟོན་དཔྱིད་གུང་གསེང”ལག་ལེན་བསྟར་བར། ས་གནས་དང་ཆ་རྐྱེན་མི་འདྲ་བར་གཞིགས་ནས། ཡུལ་བབ་དང་བསྟུན་ཏེ་ལུགས་མཐུན་ངང་བཀོད་སྒྲིག་དང་། ཕྱོགས་མང་པོས་མཉམ་སྒྲུབ་གཞོགས་འདེགས་བྱས་ཏེ། སྟོན་དཔྱིད་གཉིས་ཀྱི་གུང་གསེང་གི་ནུས་པ་འདོན་སྤེལ་ཏན་ཏིག་ཐུབ་པ་བྱེད་དགོས་པའི་གྲོས་འཆར་བཏོན་ཡོད།
       ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཁྲུའུ་ཀྲའོ་ཧུའེ་ཡིས། སྟོན་དཔྱིད་གཉིས་ཀྱི་གུང་གསེང་མང་དུ་བཏང་ན། བྱིས་པར་ཕྱི་རོལ་གྱི་བྱེད་སྒོ་དང་སློབ་ཕྱིའི་ཐད་ཀའི་ཉམས་ལེན། དེ་བཞིན་སྤྱི་ཚོགས་སུ་ཟབ་ཞུགས་ཐུབ་ཚད་བཅས་སྔར་བས་མང་བ་ཡོང་རྒྱུ་ཡིན་པས། བྱིས་པའི་འཚར་ལོངས་ལ་དེ་བས་ཕན་པ་ཆེ་བ་ཡོད་ཅེས་བརྗོད་ཡོད།