འཛམ་གླིང་ཟང་ཟིང་ཆེ་ནའང་རྒྱབ་བརྟེན་བརྟན་པོ་མེས་རྒྱལ་ཡོད།
སྤེལ་དུས 2026-03-09
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
དེ་རིང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས་ཕྱི་འབྲེལ་བརྗོད་དོན་གཙོ་བོར་བྱས་པའི་གསར་འགོད་པའི་ཚོགས་འདུ་འཚོགས་པ་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཕྱི་འབྲེལ་པུས་དམངས་ཀྱི་ཆེད་དུ་ཕྱི་འབྲེལ་བྱེད་པའི་ཐད་ཀྱི་བྱ་ཐབས་ངོ་སྤྲོད་གནང་ཡོད། ཝང་དབྱི་ཡིས། དམངས་ཀྱི་ཆེད་དུ་ཕྱི་འབྲེལ་བྱེད་པ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་འགྱུར་མེད་དམིགས་ཡུལ་ཡིན་པ་དང་། ཕྱི་རྒྱལ་དུ་དུས་བདེའི་ཀྲུང་གོའི་མ་ལག་འཛུགས་སྐྲུན་བྱེད་པ་ནི་དུས་རབས་གསར་པའི་ཕྱི་འབྲེལ་མི་སྣས་རྒྱུན་བསྲིང་ལྷོད་མེད་ཀྱིས་དོན་གཉེར་བྱེད་པའི་རེ་སྙེགས་ཤིག་ཡིན། འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་ཁྱོན་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ཚན་པའི་ཐོལ་བྱུང་དོན་རྐྱེན་ཆེ་གྲས100ལྷག་ཐག་གཅོད་བྱས་པ་དང་། དོན་གཅོད་སྲུང་སྐྱོབ་དང་རོགས་ལས་གྱོད་གཞི་ཁྲི7.9ལྷག་བསྒྲུབ་གཉེར་བྱས་པ། 12308ཀྱི་དོན་གཅོད་སྲུང་སྐྱོབ་ཐད་འབྲེལ་ཁ་པར་ཁྲི60ཉན་པ། ཕྱི་འབྲེལ་གྱི་བདེ་འཇགས་ཉེན་བརྡའི་དྲན་སྐུལ3000ལྷག་བཏང་བ། ཨ་ཧྥེ་རི་ཁ་ནས་བཙན་འཁྲིད་བྱས་པའི་སྤུན་ཟླ50ལྷག་བསྐྱབས་པ། ཉེ་འཁོར་རྒྱལ་ཁབ་དང་མཉམ་འབྲེལ་ཐོག་གློག་རྡུལ་ཁ་བསླུས་ལ་རྡུང་རྡེག་ཚ་ནན་བཏང་བ། མི་སྣ་ཁྲི་གཅིག་ལྷག་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱས་པ་བཅས་བྱས་ཡོད་ཅེས་དང་། ཝང་དབྱི་ཡིས། འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་པ་དང་། མགྲོན་བདག་རྒྱལ་ཁབ་ཀྱི་སྲིད་གཞུང་ནས་ཀྲུང་གོའི་མི་སྣ་དང་རྣམ་གྲངས་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་དུས་མཚུངས་སུ་ཀྲུང་གོའི་ཁེ་ལས་ལ་དོན་མེད་ཀྱི་བརྙས་བཅོས་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ། ཁེ་ལས་ནས་ཉེན་ཁ་འགོག་ཟོན་དང་ཁྲིམས་ལུགས་ཐོག་ནས་རང་སོའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུར་རོགས་རམ་བྱས་ཡོད། ང་ཚོའི་ཕྱི་འབྲེལ་མི་སྣ་འཛམ་གླིང་ས་ཕྱོགས་ཁག་ཏུ་ཡོད་ཅིང་ཕྲག་ཐོག་ཏུ་གཟི་བརྗིད་ལྡན་པའི་འགན་འཁྲི་ཁུར་ཡོད། ཁག་གཅིག་གིས་དུས་ཡུན་རིང་པོ་དམག་འཁྲུག་ཟང་ཟིང་གི་ས་ཁུལ་དུ་བརྟན་སྲུང་བྱས་ནས་བསྡད་ཡོད་པ་དང་། ཁག་གཅིག་གིས་ཉིན་ལྟར་ནད་ཡམས་ཀྱི་འཇིགས་པར་ཁ་གཏད་བཅག་ནས་བསྡད་ཡོད་པ། ཁག་གཅིག་གིས་ཐ་ན་དོས་སྒམ་ནང་ངམ་ཡང་ན་ས་མཐོའི་གསོ་རླུང་དཀོན་པའི་ཁོར་ཡུག་ནང་ལས་ཀ་དང་འཚོ་བ་བསྐྱལ་ནས་བསྡད་ཡོད། འོན་ཀྱང་ཚང་མས་འཁང་ར་དང་གནོང་འགྱོད་སྤུ་ཙམ་མེད་པར་ལས་གནས་བརྟན་སྲུང་བྱས་ཡོད། ད་ལྟ་ཡང་། དབྱི་རན་དང་མཚོ་ཁུག་རྒྱལ་ཁབ་ཏུ་ཡོད་པའི་ང་ཚོའི་དོན་གཅོད་ཁང་དང་གཞུང་ཚབ་ཁང་གིས་ཀྲུང་གོའི་སྤྱི་དམངས་ཕྱིར་འཐེན་དང་བདེ་འཇགས་ཀྱི་ཆེད་འབད་འཐབ་ཆེན་པོས་ལས་ཀ་བྱེད་བཞིན་ཡོད། གང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ན་དེ་གར་ཀྲུང་གོའི་ཕྱི་འབྲེལ་མི་སྣ་བརྟན་སྲུང་བྱེད་བཞིན་ཡོད་པ་དང་། གང་དུ་ཀྲུང་གོའི་སྤུན་ཟླའི་རེ་སྒུག་དང་འདུན་པ་ཡོད་ན། དེ་གར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་དྲན་སེམས་ཡོད་ཅེས་བརྗོད་ཆོག་ཅེས་དང་། ཝང་དབྱི་ཡིས། ང་རང་ནས་ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླ་ཚོར། ཁྱེད་ཀྱི་མིག་མདུན་གྱི་འཛམ་གླིང་དེ་ཟང་ཟིང་ཇི་ལྟར་ཆེ་ནའང་། ཁྱེད་རང་གི་རྒྱབ་ཕྱོགས་སུ་ནམ་ཡང་མེས་རྒྱལ་ལངས་ནས་ཡོད་ཅེས་བརྗོད་འདོད་ཆེན་པོ་འདུག ང་ཚོས་མུ་མཐུད་མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་ཀྱིས་ཕྱི་ཕྱོགས་ཀྱི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་བཏང་སྟེ་གོ་ལ་ཧྲིལ་པོར་ཁྱབ་པའི་བདེ་འཇགས་ཉེན་ཁའི་འགོག་ཟོན་མ་ལག་འཛུགས་རྒྱུ་ཡིན་ཞེས་བརྗོད་ཡོད།