ཀྲའོ་ལེ་ཅིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་གསན་པ་དང་གྲོས་ཞིབ་གནང་བ་དང་། བཅའ་ཁྲིམས་ལེགས་བཅོས་ལས་དོན་བསྒྲུབས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཀྱི་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།
ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཚོགས་འདུར་ཞུགས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངཌ་བཅོལ་ལྟར། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཚོགས་ཆེན་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ་རེད། ཀྲའོ་ལེ་ཅིས་སྙན་སྒྲོན་གནང་སྐབས་གསུངས་དོན། 2025ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱས་ནས་དེ་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་ཆུ་ཚད་སྔར་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ལ་དམིགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་ཁྲིམས་ལྟར་འགན་སྒྲུབ་དང་རང་འགན་ཐེག་པ་ཁུར་ལེན་བྱས་པས་ཕྱོགས་གང་ཅིའི་ལས་ཀར་གྲུབ་འབྲས་དང་ཕན་འབྲས་གསར་པ་ཐོབ་ཡོད། གཅིག་ནས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱས་ཤིང་། རྒྱུན་ལས་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་བྱས་པ་མ་ཟད། ད་ཐེངས་ཀྱི་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཡོད། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་བཙུགས་ཏེ་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་མི་རིགས་ལོ་རྒྱུས་ཀྱི་དྲན་ཤེས་ཟབ་ཏུ་བཏང་ཡོད། རྩ་ཁྲིམས་དང་མཐུན་པའི་ཞིབ་བཤེར་དང་ཐོ་འགོད་ཞིབ་བཤེར་ལས་དོན་གྱི་སྤུས་ཚད་མཐོ་རུ་བཏང་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་ཡོད། གཉིས་ནས་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྒྱུར་བཅོས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱས་ཤིང་། འཛུགས་བཅོས་འདོར་འགྲེལ་འགྲིག་བཅས་ལ་སྤྱི་འདོམས་ཀྱིས་ལོ་གཅིག་རིང་བཅའ་ཁྲིམས་དང་། བཅའ་ཁྲིམས་འགྲེལ་བཤད། གཏན་འབེབས་འཆར་ཟིན་བཅས་ཁྱོན་40ལ་གྲོས་ཞིབ་བྱས་པ་དང་། དེའི་ནང་བཅའ་ཁྲིམས་ཁག་6གཏན་འབེབས་བྱས་པ་དང་བཅའ་ཁྲིམས་ཁག་14ལ་བཟོ་བཅོས་བརྒྱབ་པ་སོགས་ཚུད་པའི་ཁྱོན་ཁག་24ལ་གྲོས་འཆམ་བྱུང་ཡོད། གསུམ་ནས་ལྟ་སྐུལ་གྱི་འགན་འཁྲི་བསྒྲུབས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་གང་ལེགས་བཏོན་ཞིང་། ལྟ་སྐུལ་ལས་དོན་ཁག་22ཀྱི་སྙན་སྒྲོན་ཉན་ནས་གྲོས་ཞིབ་བྱས་པ་དང་། བཅའ་ཁྲིམས་ཁག་5ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ཆེད་དོན་འདྲི་རྩད་ཐེངས་2དང་ཆེད་དོན་བརྟག་ཞིབ་ཁག་11སྒྲིག་འཛུགས་བྱས་ནས་སྤེལ་ཏེ་གྲོས་ཆོད་1བཞག་ཡོད། བཞི་ནས་འཐུས་མིའི་ལས་དོན་ཟབ་སྤེལ་དང་རྒྱ་སྐྱེད་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་སྔར་བས་ལེགས་པ་བཏོན་ཞིང་། གསར་དུ་བཟོ་བཅོས་བརྒྱབ་པའི་འཐུས་མིའི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཐུས་མིའི་ལས་ཀའི་ནུས་པ་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། འཐུས་མིར་དམ་པོར་བརྟེན་ནས་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱས་ཡོད། ལྔ་ནས་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་གི་ཁྱད་ཆོས་དང་ལེགས་ཆ་གང་ལེགས་བཏོན་ཏེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུས་ཡོད། དྲུག་ནས་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
སྙན་སྒྲོན་ནང་ཀྲའོ་ལེ་ཅིས། ལས་དོན་ཁྲོད་ད་དུང་ཧེ་བག་དང་མི་འདང་ས་ཁག་གཅིག་གནས་པས་ཁེངས་སྐྱུང་ངང་འཐུས་མི་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ཉན་པ་དང་། རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་པ་ང་ཚོས་ངོས་འཛིན་གསལ་པོ་ཐུབ་བྱུང་ཞེས་གསུངས་པ་རེད།
སྙན་སྒྲོན་ནང་ཀྲའོ་ལེ་ཅིས། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པའི་ལོ་ཡིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཚགས་ཡོང་བ་མཐའ་འཁྱོངས་ཀྱིས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་སྒོ་ཚང་དུ་གཏོང་བ། བེད་ཡག་པོ་སྤྱོད་པ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟན་ཐོག་ཡར་འཕེལ་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
ཀྲའོ་ལེ་ཅིས་སྙན་སྒྲོན་ནང་སླད་ཕྱིན་ལོ་གཅིག་རིང་གི་ལས་འགན་བཀོད་སྒྲིག་གནང་བ་སྟེ། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་འཛུགས་ཁྲོད་ཀྱི་རྩ་ཁྲིམས་ཀྱི་ལྟེ་བའི་ནུས་པ་ཕྱོགས་ཡོངས་ནས་འདོན་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་དོན་འཁྱོལ་ལ་དམིགས་ཏེ་གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་ཕྱོགས་དང་འབྲེལ་བའི་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས། ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཁག་གི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། འཐུས་མིར་ཁྲིམས་ལྟར་འགན་སྒྲུབ་འགན་ལེན་བྱེད་པར་ཞབས་འདེགས་ཞུ་བ་དང་འཐུས་མིར་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་དམངས་ཀྱི་འདོད་བློ་དང་དམངས་ཀྱི་བློ་གྲོས་དེ་བས་ལེགས་པའི་སྒོ་ནས་གྲོས་འཆར་གྲོས་འགོ་དང་གྲོས་ཞིབ་གཏམ་བཤད་ཁྲོད་ནས་མངོན་པར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་ལས་དོན་ཧུར་ཐག་སྤེལ་བ་དང་། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ཏེ་ཕྱི་རྒྱལ་གྱི་གྲོས་ཚོགས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གྲོས་ཚོགས་རྩ་འཛུགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། “ལས་ཁུངས་བཞི”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། 2025ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་གྱོད་གཞི་ཁག་29154འབྱོར་ཡོད་པ་དང་གྱོད་གཞི་ཁག་31958ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་16.5%དང་1.8%སོ་སོར་ཆག་ཡོད། རྒྱལ་ཡོངས་རིམ་ཁག་ཁྲིམས་ཁང་གིས་འདྲི་གཅོད་ལག་བསྟར་གྱི་གྱོད་གཞི་ཁག་ཁྲི་3748.6བདག་སྤྲོད་བྱས་པ་དང་གྱོད་གཞི་ཁག་ཁྲི་3620འདྲི་གཅོད་ལག་བསྟར་བྱས་པ་དེ་དུས་མཚུངས་ལས་10.8%དང་8.9%སོ་སོར་འཕར་ཡོད་པ་རེད།
དྲང་གཞག་བདེན་སྐྱོང་ལ་སྲུང་བརྩི་ཞུ་བར་དམིགས་ནས། ཀྲང་ཅུན་གྱིས་2025ལོའི་ལས་དོན་ལ་ཕྱིར་དྲན་གནང་བ་སྟེ། སྤུས་ཚད་མཐོ་བའི་ཁྲིམས་སྒྱུར་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་བྱས་པ་དང་། སྤུས་ཚད་མཐོ་བའི་ཁྲིམས་སྒྱུར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ། སྤུས་ཚད་མཐོ་བའི་ཁྲིམས་སྒྱུར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཚོ་བ་སྲུང་སྐྱོང་བྱས་པ། སྤུས་ཚད་མཐོ་བའི་ཁྲིམས་སྒྱུར་ལ་བརྟེན་ནས་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་བཏང་བ། ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་བཏང་བ། ཕྱོགས་ཁག་གི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བཅས་བྱས་ཡོད།
ཀྲང་ཅུན་གྱིས་སྙན་སྒྲོན་གནང་སྐབས་གསུངས་དོན། 2026ལོར་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས། ཁྲིམས་སྐྱོང་གི་གདེང་ཚོད་བརྟན་དུ་གཏོང་བ། ཁྲིམས་སྐྱོང་དང་སྒྱུར་འཕེལ་བརྟན་གསུམ་ཕན་ཚུན་མཐུན་སྦྱོར་ཡོང་བར་དེ་བས་གཙིགས་ཆེན། སྤྱི་ཚོགས་ཀྱི་དྲང་གཞག་བདེན་སྐྱོང་འགན་ལེན་དང་སྐུལ་འདེད་གཏོང་རྒྱུར་དེ་བས་གཙིགས་ཆེན། དུས་རབས་གསར་པའི་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་ཁྲིམས་འཛིན་གྱིས་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་དགོས། ལྷག་བསམ་རྣམ་དག་ངང་འགན་འཁྲི་བསྒྲུབས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཆེད་ཁྲིམས་འཛིན་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་བྱས་ནས་གཞུང་དྲང་ཁྲིམས་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་བྱས་ནས་ལས་འགན་ལྕི་པོ་འཁུར་ཕོད་པའི་དུས་རབས་གསར་པའི་ཁྲིམས་ཁང་གི་དཔུང་ཁག་སྟོབས་ཆེན་སྐྲུན་པ་དང་སེམས་ནུས་གཅིག་སྒྲིལ་དང་དངོས་སྒྲུབ་འགན་འཁུར་གྱིས་ཆུ་ཚད་དེ་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་སྐྲུན་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དབྱིང་ཡུང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གནང་སྐབས་གསུངས་དོན། 2025ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཆེད་ཁྲིམས་འཛིན། ཁྲིམས་སྐྱོང་ཆེད་འགན་འཁྲི་འཁུར་བ་བཅས་མཐའ་འཁྱོངས་དང་། ཞིབ་དཔྱོད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་གྱོད་གཞི་རེ་རེ་བཞིན་སྒྲུབ་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་དཔྱོད་ལག་ལེན་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་པར་བརྟེན་ཞིབ་དཔྱོད་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོབ་ཡོད། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་རིགས་ཁག་གི་གྱོད་གཞི་ཁག་ཁྲི་346.7སྒྲུབ་གཉེར་བྱས་པའི་ནང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་ཁག་8151སྒྲུབ་གཉེར་བྱས་ཡོད།
དབྱིང་ཡུང་གིས་2025ལོའི་ལས་དོན་ལ་ཕྱིར་དྲན་གནང་བ་སྟེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ། དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་པ། ཞིབ་དཔྱོད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དྲང་གཞག་བདེན་སྐྱོང་ལ་སྐུལ་འདེད་བཏང་བ། ལྟ་སྐུལ་དང་ལེན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཞིབ་དཔྱོད་དབང་ཆ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་ལམ་བུར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་བཅས་བྱས་ཡོད།
དབྱིང་ཡུང་གིས་སྙན་སྒྲོན་གནང་སྐབས་གསུངས་དོན། 2026ལོར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ། ཁྲིམས་སྐྱོང་དང་སྒྱུར་འཕེལ་བརྟན་གསུམ་མཐུན་སྦྱོར་ཡོང་བར་དེ་བས་གཙིགས་ཆེན། སྤྱི་ཚོགས་ཀྱི་དྲང་གཞག་བདེན་སྐྱོང་འགན་ལེན་དང་སྐུལ་འདེད་གཏོང་བར་དེ་བས་གཙིགས་ཆེན་བཅས་བྱས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་དགོས། ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་། དམངས་ཆེད་ཞིབ་དཔྱོད་ལས་དོན་ཏན་ཏིག་སྒྲུབ་པ། ཞིབ་དཔྱོད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྤྱི་ཕན་གཏུག་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས།
ཚོགས་འདུའི་ཐོག་ད་དུང་བཅའ་ཁྲིམས་ལེགས་བཅོས་ལས་དོན་བསྒྲུབས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཀྱི་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་རེད།
ཚོགས་འདུར་འཐུས་མི་2878ཕེབས་དགོས་ཤིང་། དངོས་སུ་འཐུས་མི་2760ཕེབས་ཡོད་པ་དང་འཐུས་མི་118ཕེབས་ཐུབ་མེད། ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།