ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

2025ལོར་རང་རྒྱལ་གྱི་རྒྱ་མཚོ་ཆེན་པོའི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར་ཁྲི11ལས་བརྒལ་བ།

སྤེལ་དུས 2026-03-18 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ། རྣམ་རྒྱལ་སྐྱིད་ཀྱིས་བསྒྱུར།

             རང་བྱུང་ཐོན་ཁུངས་པུའུ་ཡིས་ཡོངས་བསྒྲགས་བྱས་པའི2025ལོའི་ཀྲུང་གོའི་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་བསྡོམས་རྩིས་སྤྱི་བསྒྲགསལས་མངོན་པ་ལྟར་ན། རགས་རྩིས་བྱས་པ་བརྒྱུད། 2025ལོར་རྒྱལ་ཡོངས་ཀྱི་རྒྱ་མཚོ་ཆེན་པོའི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར110180ལ་སླེབས་པ་དང་། དེ་ལོ་གོང་མ་ལས5.5%འཕར་ནས། རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར་གྱི་བསྡུར་ཚད་ལས7.9%ཟིན་ཡོད། ཐོན་ལས་གསུམ་གྱི་གྲུབ་ཚུལ་ལ་བལྟས་ན། རྒྱ་མཚོ་ཆེན་པོའི་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར4923ལ་སླེབས་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར41017ལ་སླེབས་ཡོད་ལ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར64240ལ་སླེབས་ཡོད། དེ་དག་སོ་སོར་རྒྱ་མཚོ་ཆེན་པོའི་ཐོན་སྐྱེད་སྤྱི་འབོར་གྱི4.5%དང37.2%། 58.3%བཅས་ཟིན་ཡོད།

             རྒྱ་མཚོ་ཆེན་པོའི་སྲོལ་རྒྱུན་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་མགྱོགས་མྱུར་བྱུང་བ། རྒྱ་མཚོ་ཆེན་པོའི་ཆུའི་ཐོན་རྫས་མཁོ་སྤྲོད་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། གློག་རྡུལ་ཚོང་དོན་ཐད་གཏོང་སོགས་སྣ་མང་ཅན་གྱི་ཕྱིར་ཚོང་དང་སྡེབ་སྐྱེལ་མྱུར་པོའི་ཞབས་ཞུ་ཡི་བཀོད་སྒྲིག་ཇེ་མགྱོགས་སུ་ཕྱིན། རྒྱ་མཚོ་ཆེན་པོའི་སྣུམ་རླངས་ཐོན་ཁུངས་མཁོ་འདོན་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། 2025ལོའི་རྒྱ་མཚོ་ཆེན་པོའི་མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་ཚད་ལོ་གོང་མ་ལས་སོ་སོར3.4%དང་17.0%འཕར་ཡོད། རྒྱ་མཚོ་ཆེན་པོའི་བཟོ་སྐྲུན་གྱི་ཨར་ལས་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་རྒྱ་མཚོ་ཆེན་པོའི་གྲུ་གཟིངས་བཟོ་ལས་ཡང་རྒྱུན་མཐུད་དུ་མགྱོགས་མྱུར་ངང་འཕར་བཞིན་ཡོད་པས། ལྗང་མདོག་ཐཱན་ཉུང་ཅན་དང་ཆེ་གྲས་ཅན། རྩེར་སོན་ཅན་དུ་འགྱུར་བར་ཕན་འབྲས་མངོན་གསལ་ཡིན། རྒྱ་མཚོ་ཆེན་པོ་ཅན་གྱི་རྫས་འགྱུར་བཟོ་ལས་མགྱོགས་མྱུར་ངང་འཕེལ་བ་དང་རྒྱ་མཚོ་ཆེན་པོའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་མགྱོགས་ཙམ་ཕྱིན་ནས། 2025ལོའི་རྒྱ་མཚོ་ཆེན་པོའི་དངོས་ཟོག་སྐྱེལ་ཚད་དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་ལོ་གོང་མ་ལས་སོ་སོར5.1%དང6.8%འཕར་ཡོད་ལ། རྒྱ་མཚོ་ཆེན་པོའི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་གོང་འཕེལ་བཏང་ནས། 2025ལོར་འཕར་ཐང་སྒོར་དུང་ཕྱུར16273མངོན་འགྱུར་བྱུང་ཡོད།

             རྒྱ་མཚོ་ཆེན་པོའི་གསར་དར་ཐོན་ལས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེན་དུ་བཏང་། རྒྱ་མཚོ་ཆེན་པོའི་བཟོ་སྐྲུན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འགྲོས་སྣོན་སླར་གསོ་བྱས་ནས། 2025ལོའི་འཕར་ཐང་ལོ་གོང་མ་ལས10.2%འཕར་ཡོད། རྒྱ་མཚོ་ཆེན་པོའི་སྨན་རྫས་དང་སྐྱེ་དངོས་ཐོན་རྫས་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་རྒྱུན་འཁྱོངས་བྱས་ཡོད་པ་དང་། གསར་གཏོད་ཀྱི་གྲུབ་འབྲས་མགྱོགས་མྱུར་ངང་ཐོན་པ། མཚོ་ཐོག་རླུང་གློག་གི་ཁྲོམ་རའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། 2025ལོའི་གསར་སྣོན་དྲ་སྦྲེལ་ཤོང་ཚད་ལོ་གོང་མ་ལས60%ལྷག་ཙམ་འཕར་ཡོད་ལ། མཚོ་ཆུ་སླ་སྒྱུར་དང་ཕྱོགས་བསྡུས་བེད་སྤྱོད་ལས་རིགས་ཀྱང་བརྟན་པོའི་ངང་གོང་དུ་འཕེལ་བཞིན་ཡོད།


རྩོམ་སྒྲིག་པ། རིག་གྲོལ།