གཏེར་ཚང་བོད་སྐད་དཔེ་དབྱིབས་ཆེན་མོ་ལྷ་སར་འགྲེམ་སྤེལ་བྱས།
སྤེལ་དུས 2026-03-23
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཚེས15ཉིན། རྒྱལ་ནང་གི་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ——གཏེར་ཚང(DeepZang)ལྷ་སར་དངོས་སུ་འགྲེམ་སྤེལ་བྱས་ཤིང་། དེས་རང་རྒྱལ་གྱིས་མི་རིགས་སྐད་ཡིག་གི་མི་ཐབས་རིག་ནུས་ཁྱབ་ཁོངས་སུ“རྗེས་འབྲངས”པ་ནས“སྣེ་ཁྲིད”བར་འཐབ་ཇུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། བོད་ལྗོངས་ཀྱི་བོད་སྐད་ཀྱི་མི་ཐབས་རིག་ནུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དངོས་སུ་འགྲོ་འགོ་ཚུགས་པ་དང་བོད་སྐད་ཀྱིAIདུས་རབས་དངོས་སུ་འཆར་འགོ་ཚུགས་པ་མཚོན་ཡོད།

གཏེར་ཚང(DeepZang)ནི་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིས་རང་བརྟེན་གྱིས་འགག་སྒྲོལ་ཞིབ་སྤེལ་བྱས་པ་ཞིག་ཡིན་ཞིང་། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་རྩི་ཐབས་དང་དཔེ་དབྱིབས་ཐོ་འགོད་ལེགས་གྲུབ་བྱུང་བའི་བོད་སྐད་དཔེ་དབྱིབས་ཆེན་མོ་ཐོག་མ་དེ་ཡིན་པའི་ངོས་ནས་གོ་ལ་ཧྲིལ་པོར་ཁྱབ་ཁོངས་དེའི་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད། སྲོལ་གཏོད་པ་བསྟན་འཛིན་ནོར་བུས་ངོ་སྤྲོད་བྱས་པར་གཞིགས་ན། གཏེར་ཚང(DeepZang)APPཡིས་བོད་ཡིག་དང་། རྒྱ་ཡིགདབྱིན་ཡིག་བཅས་གསུམ་སྤྱད་ནས་རིག་ནུས་སྤེལ་རེས་ཐུབ་པ་མ་ཟད། AIཡི་སྐད་ཆ་ཤོད་རེས་དང་། དུས་ཐོག་ལོ་ཙཱ། སྐད་སྒྲ་སྒྱུར་འབྲི་སོགས་ཀྱི་ནུས་པའང་འདུས་ཡོད། མིག་སྔར་དཔེ་དབྱིབས་དེར་རྒྱལ་ཁབ་ཀྱི་ཚད་ལྡན་བོད་སྐད་ཀྱི་མཉམ་འགྲོའི་ཡིག་མཛོད་ཁྲི7000ཙམ་དང་བོད་སྐད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་སྐད་སྒྲའི་ཡིག་མཛོད་ཁྱོན་ཆུ་ཚོད30500ལྷག་ཙམ་གསོག་ཉར་བྱས་ཡོད།

འགྲེམ་སྤེལ་མཛད་སྒོའི་ཐོག་ཐོན་ལས་མཉམ་ལས་ཀྱི་གན་རྒྱ་མང་པོ་ཞིག་དུས་མཉམ་དུ་བཞག་ཅིང་། ཀྲུང་གོ་སྤོ་འགུལ་བོད་ལྗོངས་ཡན་ལག་ཀུང་སི་དང་། ཀྲུང་གོ་མི་དམངས་འགན་བཅོལ་རྒྱུ་ནོར་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སི།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་ཚན་པས་མཆོག་ནོར་གྲངས་འཛིན་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས།སྲིད་དོན་དང་། སློབ་གསོ།རིག་གནས། སྨན་བཅོས་སོགས་ཁྱབ་ཁོངས་སུ་བོད་སྐད་ཀྱིAIསྤྱོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད།
ད་ཐེངས་གཏེར་ཚང(DeepZang)འགྲེམ་སྤེལ་བྱས་པ་དེ་ནི་བོད་ལྗོངས་ཀྱི་བོད་སྐད་རིག་ནུས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་རྐྱང་ཞིག་ཡིན་པ་མ་ཟད། རང་རྒྱལ་གྱི་མི་རིགས་སྐད་ཡིག་གི་མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་རེད། བསྟན་འཛིན་ནོར་བུས། “གཏེར་ཚང་འདི་ཉིད་རྒྱལ་ཁབ་ཀྱི་རྩི་ཐབས་དང་དཔེ་དབྱིབས་ཐོ་འགོད་དངོས་སུ་ལེགས་གྲུབ་ཟིན་ཏེ་རྒྱལ་ནང་གི‘ཐོ་འགོད་གཉིས’ཐོབ་པའི་གདོད་མའི་བོད་སྐད་དཔེ་དབྱིབས་ཆེན་མོ་དང་པོ་དེར་གྱུར་ཡོད།མ་ལག་འདི་ཐོན་པ་ཡིས་མི་ཐབས་རིག་ནུས་ཀྱི་དུས་རབས་སུ་མི་རིགས་ཀྱི་སྐད་ཡིག་ལ་རང་ཉིད་ལ་དབང་བའི་སྐད་སྒྲ་ཡོད་པ་མཚོན་ཡོད།”ཅེས་བཤད།