ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

བྱིས་པ་བསླུ་འཚོང་བྱེད་མཁན་འདི་འཛིན་བཟུང་བྱས་འདུག

སྤེལ་དུས 2026-03-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

             ཟླ3པའི་ཚེས21ཉིན། གསར་འགོད་པར་ཀོང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེན་རྟོག་ཕྱོགས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། “ཀྲང་ཝེ་ཕིང་སོགས་ཀྱིས་བྱིས་པ་བསླུ་འཚོང་བྱས་པའི་གྱོད་གཞི་”ལ་འཕེལ་རིམ་ཆེན་པོ་ཐོན་ཞིང་། ཉེས་གསོག་དོགས་ཡོད་མི་སྣ་ཞེ་ཆེ་གེ་མོ(བུད་མེད)འཛིན་བཟུང་བྱས་ཡོད། དེ་ནི་གྱོད་གཞི་དེའི་འགག་རྩའི་མི་སྣ“མའེ་དབྱི”(梅姨)ཞེས་པ་དེ་རེད།


             2003ལོའི་ཟླ9ནས2005ལོའི་ཟླ12བར། ཀོང་ཀྲོའུ་ཙེང་ཁྲེང་དང་ཧུའེ་ཀྲོའུ་པོ་ལུའོ་སོགས་ནས་བྱིས་པ་མང་པོ་ཞིག་བསླུ་འཚོང་བྱས་པའི་གྱོད་གཞི་ཐོན་ཡོད། གྱོད་གཞི་བྱུང་རྗེས་སུ། སྤྱི་བདེ་པུའུ་དང་ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་གིས་གྱོད་གཞི་དེ་ལྟ་སྐུལ་གྱོད་གཞིའི་གྲས་སུ་བཅུག་ནས། ཞིང་ཆེན་དང་གྲོང་ཁྱེར། ཆུས་བཅས་རིམ་པ་གསུམ་གྱི་སྤྱི་བདེ་ལས་ཁུངས་ཀྱི་མཉམ་འབྲེལ་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ཏེ་མྱུལ་ཞིབ་ལས་དོན་སྤེལ་བ་དང་། 2016ལོར་ཀྲང་ཝེ་ཕིང་སོགས་ཉེས་ཅན་པ5འཛིན་བཟུང་བྱས་ཡོད། ཀྲང་ཝེ་ཕིང་གིས་བྱིས་པ་བསླུ་འཚོང་བྱས་པའི་ཉེས་བསགས་དོན་དངོས་ངོས་ལེན་ཞུས་པར་མ་ཟད། བྱིས་པ་དེ་དག“མའེ་དབྱི”བརྒྱུད་ནས་བསླུ་འཚོང་བྱས་པ་ཡིན་ཞེས་བརྗོད་ཡོད།


             ཁ་ཐོར་དུ་སོང་བའི་ཁྱིམ་མི་གང་མགྱོགས་མཉམ་འཛོམས་ཐུབ་ཆེད། ཆེད་དོན་གྱོད་གཞི་ཚོགས་ཆུང་གིས་གནོད་འཚེ་ཕོག་པའི་ཁྱིམ་ཚང་དང་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་དང་མཉམ་དུ་གཉེན་ཉེ་འཚོལ་སྐྱོབ་ཀྱི་ལས་དོན་རྒྱུན་མཐུད་ངང་སྤེལ་བས། 2019ལོ་ནས2024ལོའི་བར་བསླུ་འཚོང་བྱས་པའི་བྱིས་པ་ཚང་མ་རྙེད་པ་དང་འབྲེལ་གཉེན་ཉེ་ངོས་འཛིན་བྱེད་ཏུ་བཅུག་ཡོད། 2023ལོའི་ཟླ4པར། ཉེས་ཅན་གཏེ་པོ་ཀྲང་ཝེ་ཕིང་སོགས་ལ་ཁྲིམས་ལྟར་སྲོག་ཁྲིམས་བཅད་ཡོད་མོད། འོན་ཀྱང་ཐོབ་ཐང་ངོ་མ་སོགས་འགག་རྩའི་ཆ་འཕྲིན་མེད་པའི་དབང་གིས“མའེ་དབྱི”གྱོད་གཞི་དེའི་འགག་རྩའི་མི་སྣ་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་ཁྲིམས་ལ་སྦྱོར་ཐུབ་མེད།

             2025ལོར། སྤྱི་བདེ་པུའི་མཛུབ་སྟོན་དང་ཞིང་ཆེན་གཞན་པའི་སྤྱི་བདེ་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག ཆེད་དོན་གྱོད་དོན་ཚོགས་ཆུང་གིས་མིང་ལ་ཞེ་ཆེ་གེ་མོ་ཟེར་བའི་བུད་མེད་ཅིག་ཤེས་རྟོགས་བྱུང་བ་དང་། དེའི་ཁྱད་ཆོས་ནི“མའེ་དབྱི”དང་ཧ་ཅང་འདྲ་བ་ཡོད། སྔར་ལས་ལྷག་པའི་ཞིབ་བསྡུར་བྱས་པ་བརྒྱུད། ཞེ་ཆེ་གེ་མོ་ནི་“མའེ་དབྱི”ཡིན་པ་ར་སྤྲད་ཡོད། ཉེ་ཆར། ཆེད་དོན་གྱོད་དོན་ཚོགས་ཆུང་གིས་འདྲི་རྩད་བྱས་པ་བརྒྱུད། ཞེ་ཆེ་གེ་མོས་བྱིས་པས་བསླུ་འཚོང་བརྒྱབ་པའི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་ཡོད། མིག་སྔར། ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་དོགས་ཡོད་མི་སྣ་ཞེ་ཆེ་གེ་མོ་ཁྲིམས་ལྟར་འཛིན་བཟུང་བྱས་པ་དང་། གྱོད་གཞི་སྔར་བས་ཐག་གཅོད་བྱེད་མུས་རེད།

རྩོམ་སྒྲིག་པ།  རིག་གྲོལ།