ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དགེ་བཤེས13ལ་ལྷ་རམས་པའི་མཚན་རྟགས་ཐོབ་འདུག

སྤེལ་དུས 2026-04-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

             དཔྱིད་ཀྱི་དཔལ་ཡོན་བཞད་པའི་ཟླ་4ཚེས་5ཉིན་གྱི་སྔ་དྲོར། གནའ་གྲོང་ལྷ་སའི་ལྟེ་བ་ལྷ་ལྡན་གཙུག་ལག་ཁང་གི་ཁྱམས་ར་ཆེན་མོར། 2026ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གཞུང་བཀའ་པོད་ལྔར་སློབ་གཉེར་མཐར་ཕྱིན་གྱི་འབྲས་རྟགས་ཏེ། དགེ་བཤེས་ལྷ་རམས་པའི་སློབ་གནས་ཀྱི་དམ་བཅའ་ཆེན་མོ་འཇོག་པ་དང་ལག་འཁྱེར་སྩོལ་བའི་མཛད་སྒོ་དེ་སྔར་གྱི་ཕྱག་སྲོལ་ལྟར་གཟབ་རྒྱས་ངང་འཚོགས་པ་རེད། 


ལྷ་རམས་པའི་མཚན་གནས་ཐོབ་པའི་དགེ་བཤེས་རྣམ་པའི་མཉམ་པར།


             ཐེངས་འདིའི་མཛད་སྒོར་སྔོན་འགྲོའི་རྒྱུགས་བཞེས་ཁག་ཚད་ལོན་ཏེ་ལྷ་རམས་པའི་དམ་བཅའ་འཇོག་པའི་ཐོབ་ཐང་ལྡན་པའི་དམ་བཅའ་བ་རྣམ་པ་དང་། ལུང་རིགས་གཉིས་ལ་ནང་བྱན་ཆུད་པའི་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གི་དབུ་བཞུགས་མཁས་པ་རྣམ་པ། དེ་བཞིན་རིགས་ལམ་ལ་མངའ་བརྙེས་པའི་རྟགས་གསལ་གཏོང་མཁན་གྱི་དགེ་འདུན་པ་སོགས་བསྡོམས་པའི་མི་གྲངས་278ལྷན་འཛོམས་ཀྱིས་མཛད་སྒོ་འདིར་ཞུགས་ཡོད།

             ཆོས་ཀྱི་རིགས་ལམ་འགྲན་པའི་མཛད་སྒོ་དེ་ཉིད་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགེ་བཤེས་ལྷ་རམས་པའི་སློབ་གནས་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་ཞིང་། སྲོལ་རྒྱུན་གྱི་མཚན་ཉིད་ཀྱི་རྩོད་སྲོལ་དང་མཐུན་པར། དཔྱད་བསྡུར་ཨུ་ཡོན་གྱི་ཚན་རིག་དང་མཐུན་ལ་ནན་ཏན་ཆེ་བའི་ལྟ་སྐུལ་དང་སྣེ་ཁྲིད་འོག དམ་བཅའ་བ་དགེ་འདུན་13རིམ་བཞིན་དབུས་སུ་བཞུགས་ཤིང་། རྟགས་གསལ་གཏོང་མཁན་མཚན་ཉིད་པ་རྣམས་ཀྱིས་རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་ཏེ།  གཞུང་བཀའ་པོད་ལྔའི་དོན་གནད་དང་དཀའ་གནད་ཐད་ལུང་དང་རིག་པས་རྟགས་གསལ་འཁྲུག་པོ་བཏང་གནང་བ་རེད།

             དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་དྲང་གཞག་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་ཞིབ་འཇུག་དང་དཔྱད་བསྡུར་གནང་བ་བརྒྱུད། ལུང་རིགས་ཀྱི་རྩལ་ཕུལ་དུ་བྱུང་སྟེ་རྩོད་པའི་ཁྱུ་མཆོག་ཏུ་གྱུར་ནས་ཨང་དང་པོའི་མཚན་རྟགས་ནི་སེ་ར་དགོན་གྱི་ངག་དབང་ལེགས་བཤད་ལ་ཐོབ་པ་དང་། དེ་བཞིན་ཆབ་མདོ་དབྱེན་འདུམ་དགོན་གྱི་ཀརྨ་འཕྲིན་ལས་དང་ཆབ་མདོ་བྱམས་པ་གླིང་དགོན་གྱི་བྱམས་པ་འཇམ་དབྱངས་གཉིས་ལ་ཨང་གཉིས་པ། འབྲས་སྤུངས་དགོན་གྱི་བློ་བཟང་ཡོན་ཏན་ལ་ཨང་གསུམ་པ། ནག་ཆུ་ཆོས་འཁོར་དགོན་གྱི་བསྟན་འཛིན་ཉི་མར་ཨང་བཞི་པ། ར་སྟོད་དགོན་གྱི་བློ་བཟང་རྒྱལ་མཚན་ལ་ཨང་ལྔ་པ་བཅས་ཀྱི་མཚན་སྙན་ཐོབ་པ་རེད། གཞན་ཡང་ཆབ་མདོ་དཔའ་ཤོད་དགོན་གྱི་བསྟན་པ་ཚངས་དབྱངས་དང་། བཀྲ་ཤིས་ལྷུན་པོ་དགོན་གྱི་ཕུན་ཚོགས་བསྟན་དར། ཆབ་ཤོག་ལྷུང་དགོན་གྱི་ཡེ་ཤེས་རྒྱ་མཚོ། ནག་ཆུ་རོང་པོ་རབ་བརྟན་དགོན་གྱི་ངག་དབང་བློ་བཟང་། ཆབ་མདོ་ཐུགས་ཆགས་དགོན་གྱི་བློ་བཟང་དོན་ལྡན། དགའ་ལྡན་དགོན་གྱི་ངག་དབང་བརྩོན་འགྲུས། ལྷོ་ཁ་བཀྲ་ཤིས་དོ་ཁ་དགོན་གྱི་ངག་དབང་ཕུན་ཚོགས་བཅས་ལ་རིམ་པ་བཞིན་ཨང་དྲུག་པ་ནས་བཅུ་གཉིས་པའི་བར་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

             དམ་བཅའ་དང་རྩོད་ལན་མཛད་སྒོ་ལེགས་པར་མཇུག་བསྡུས་རྗེས། དགེ་འདུན་འདུས་པ་རྒྱ་མཚོས་ཞལ་གཅིག་ཏུ་མཐུན་པར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་འགྲོ་ཁམས་བདེ་བའི་བསྟན་རྒྱས་སྨོན་ལམ་སོགས་ཞལ་འདོན་གསུང་དབྱངས་སྙན་པོ་དབྱིངས་སུ་བསྒྲགས་ཤིང་། སྲོལ་རྒྱུན་ལྟར་གདུགས་ཚོད་ལེགས་པར་དྲངས་ཏེ་མང་ཇ་མང་འགྱེད་ཀྱི་བསྙེན་བཀུར་དང་མཆོད་སྤྲིན་རྒྱ་ཆེར་བཤམས། སྐབས་དེར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས། མཚན་གནས་ཐོབ་པའི་དམ་བཅའ་བ་རྣམས་ལ་རྟེན་འབྲེལ་གྱི་ལེགས་སྐྱེས་སུ་རིན་ཆེན་དར་ནང་མཛོད་དང་། ན་བཟའ་ཆོས་གོས། ཤིང་འབྲས་དུས་སྟོན། མཐུན་རྐྱེན་འབུལ་དངོས་བཅས་བསྩལ་ནས་རབ་ཏུ་བསྔགས་པར་མཛད།

             དགེ་བཤེས་ལྷ་རམས་པའི་མཚན་གནས་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་མདོ་སྔགས་གཞུང་ལུགས་ལ་ཐོས་བསམ་མཐར་ཕྱིན་པར་བྱས་པའི་མདོ་ཕྱོགས་ཀྱི་སྲོལ་རྒྱུན་སློབ་གསོའི་ཡོན་ཚད་མཐོ་ཤོས་ཀྱི་མཚན་གནས་དེ་ཡིན་ཞིང་། མིག་སྔའི་བར་དུ་ཁྱོན་བསྡོམས་བཀའ་རབ་འབྱམས་པ་དགེ་བཤེས་215ལ་ཆོ་ལོ་འདི་ཐོབ་སྟེ་རྒྱལ་གཅེས་ཆོས་གཅེས་ཀྱི་ངང་ནས་བསྟན་འགྲོའི་དོན་ཆེན་མཛད་བཞིན་མཆིས།

རྩོམ་སྒྲིག་པ། རིག་གྲོལ།