ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དཔའ་བོའི་སྙིང་སྟོབས་རྒྱུན་འཛིན། འབད་འཐབ་སྟོབས་ཤུགས་གཅིག་སྡུད།

སྤེལ་དུས 2026-04-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

             དྭངས་གསལ་ཉིན་མོར་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ། དཔའ་བོའི་བརྗིད་ཉམས་ཇི་སྲིད་བར་དུ་གནས་གྱུར་ཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་སྔོན་གཤེགས་དཔའ་བོའི་མཛད་རྗེས་ནམ་ཡང་བློ་ལ་བརྟན་པོར་ངེས་ནས། མི་རབས་ནས་མི་རབས་བར་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་བསྟན་གནང་ཡོད། དྭངས་གསལ་དུས་ཚིགས་སུ་མི་རྣམས་ཀྱིས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དང་། ཐ་ན་རྩ་ཆེའི་ཚེ་སྲོག་ཀྱང་ལེགས་སྐྱེས་སུ་ཕུལ་བའི་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཟབ་མོ་ཞུ་བཞིན་ཡོད། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ནི་མེ་ལྕེ་རྟག་བརྟན་གྱི་དཔལ་འབར་ལྟར། མི་དམངས་དུང་ཕྱུར་མང་པོས་དཔའ་བོར་རྗེས་དྲན་ཞུ་བའི་ཁྲོད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཕྱོགས་སུ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

             དྭངས་གསལ་དུས་ཚིགས་ལ། ཧྲང་ཧའེ་ཀྲུང་གུང་ཚོགས་ཆེན་དང་པོ་འཚོགས་ཡུལ་ནས་ཅ་ཤིང་ནན་ཧུའུ་མཚེའུ་ཡི་གྲུ་དམར་བར། མི་རྣམས་ཀྱིས་གསར་བརྗེའི་རྗེས་ཤུལ་འཚོལ་སྙེག་བྱས་ནས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་སྙིང་སྟོབས་ཤེས་པར་བྱས་ཡོད། ད་ལོ་ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བའི་ལོ་ཞིག་ཡིན་པ་དང་། ཤང་ཅང་གཡུལ་འགྱེད་ཀྱི་དྲན་གསོ་བྱ་ཡུལ་ནས་དམར་དམག་རྒྱང་སྐྱོད་ཀྱི་འདུ་འཛོམས་བྱ་ཡུལ་བར་དང་། རྒྱང་སྐྱོད་དྲན་གསོ་བྱ་ཡུལ་དང་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་རེ་རེའི་མདུན་དུ་མི་རྣམས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུས་པ་དང་། དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ། འབད་བརྩོན་སྟོབས་ཤུགས་བསྡུ་ལེན་བཅས་བྱས་ཡོད།

             དཔའ་བོར་བརྩི་མཐོང་བྱས་ན་གཞི་ནས་དཔའ་བོ་ཐོན་ཐུབ་པ་དང་། དཔའ་བོར་འགྱུར་བར་བརྩོན་ལེན་བྱས་ན་གཞི་ནས་དཔའ་བོ་མང་པོ་ཐོན་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་ཁབ་དང་། མི་རིགས། ཞི་བདེ་བཅས་ཀྱི་ཆེད་དུ་རྩ་ཆེའི་ཚེ་སྲོག་བློས་གཏོང་བྱེད་མཁན་མི་རྣམས་ལ། དུས་རབས་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཁོང་ཚོས་རང་སྲོག་བློས་གཏོང་དང་ལེགས་སྐྱེས་ཕུལ་བ་ང་ཚོས་ནམ་ཡང་བློ་ལ་བརྟན་པོར་ངེས་དགོས་ཞེས་བསྟན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་གོང་ནས་འོག་ལ་སྣེ་ཁྲིད་དང་དངོས་སུ་མིག་དཔེ་བསྟན་གནང་ནས། ཅང་ཤིས་ཡུས་ཏུའུ་དམར་དམག་རྒྱང་སྐྱོད་འདུ་འཛོམས་བྱེད་ས་ནས་ཧོ་ནན་ཤིན་རྫོང་ཨེ་ཡུས་ཝན་སུའུ་ཁུལ་ལྟེ་གནས་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་བར་དང་། ཀན་སུའུ་ཀའོ་ཐའེ་ནུབ་ལམ་དམག་གི་དྲན་གསོའི་རྡོ་རིང་ནས་པེ་ཅིང་ཤང་ཧྲན་གསར་བརྗེའི་དྲན་གསོའི་ཁུལ་བར་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བྱེད་སྒོ་གང་སར་སྤེལ་ཡོད། བརྩེ་བ་ཟབ་པའི་གུས་མཇལ་རེ་རེ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་དང་རྗེས་དྲན་ཚད་མེད་ཞུས་པ་མངོན་ཡོད། སྤྱི་ཚོགས་ཡོངས་ལ་དཔའ་བོར་བརྩི་བཀུར་དང་། དཔའ་བོར་སློབ་སྦྱོང་། དཔའ་བོར་བརྩོན་ལེན་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་སྣེ་ཁྲིད་བྱས་ཡོད།

             ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དེང་རབས་ཀྲུང་གོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་སུང་གཡོད་ཧུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ལངས་ནས། སྔོན་གཤེགས་དཔའ་བོ་ལ་གཟེངས་བསྟོད་བྱེད་པའི་སྲིད་ཇུས་ལམ་ལུགས་མ་ལག་ཚུད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་མཛད་རྗེས་གཟི་བརྗིད་གཟེངས་བསྟོད་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། དཔའ་བོའི་གནས་ཚད་དང་སྙིང་སྟོབས་ཀྱི་རྡོ་རིང་བརྟན་པོ་བཙུགས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་དཔའ་བོའི་སྙིང་སྟོབས་དེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ནང་ཞུགས་པའི་རང་རྟོགས་བྱ་སྤྱོད་དུ་འགྱུར་རྒྱུར་སྐུལ་སློང་གནང་ཡོད་ཅེས་གསུངས་པ་རེད།

             རེ་བ་ཡོད་པའི་མི་རིགས་གཅིག་ལ་དཔའ་བོ་མེད་ན་མི་འགྲིག་པ། མདུན་ལམ་ལྡན་པའི་རྒྱལ་ཁབ་གཅིག་ལ་གདོང་ལེན་པ་མེད་ན་མི་འགྲིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་དང་སྐུལ་འདེད་འོག་རང་རྒྱལ་གྱིས་སྔོན་གཤེགས་དཔའ་བོར་གཟེངས་བསྟོད་བྱེད་པའི་སྲིད་ཇུས་དང་ལམ་ལུགས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། ཁྲིམས་འཛུགས་བྱས་པ་བརྒྱུད་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་སོགས་བཙུགས་ཏེ་རྒྱལ་ཁབ་ཀྱི་མིང་ཐོག་ནས་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱས་ནས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གྱི་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་པ་དང་། ཏང་ནང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱས་རྗེས་དང་གཟི་བརྗིད་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་སྲོལ་ཡིག་སོ་སོར་གཏན་འབེབས་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་བྱས་རྗེས་དང་གཟི་བརྗིད་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་ལམ་ལུགས་མ་ལག་གཏན་འཁེལ་བྱས་ཏེ། བླ་ན་མེད་པའི་གུས་ལུགས་ཐོག་ནས་བྱས་རྗེས་ཐོབ་མཁན་ཚོར་གཟེངས་བསྟོད་བྱས་ཡོད།

             མིག་སྔའི་བར། རང་རྒྱལ་དུ་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ལ་ཆེད་མངགས་སྲུང་སྐྱོང་བྱེད་མཁན་གྱི་ཚན་པ་1600ལྷག་ཙམ་ཡོད་པ་དང་། རྒྱལ་ཡོངས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ཁྲི་16ཡོད་པ་དེ་དག་མི་རྣམས་ཀྱིས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འབད་བརྩོན་སྟོབས་ཤུགས་བསྡུ་ལེན་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གྱུར་ཡོད། དེ་དང་ཆབས་ཅིག རྒྱལ་ཁབ་ཀྱིས་ད་དུང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད། རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་གནས་པའི་མངའ་ཁོངས་ཕྱི་རོལ་གྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་ཆས་300ལྷག་ཙམ་ལ་སྲུང་སྐྱོང་འོས་འཚམ་བྱས་ཡོད། 2014ལོ་ནས་བཟུང་། རང་རྒྱལ་གྱིས་ལོ་12བསྟུད་མར་ལྷོ་ཁོ་རེ་ཡར་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་རྒྱལ་ནང་དུ་ཚུར་བསུ་ལེན་ཞུས་པས།  དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་རྣམ་ཤེས་ཕ་ཡུལ་དུ་ལོག་ནས། འདས་པོའི་བསམ་འདུན་འགྲུབ་ཡོད།

             སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ནས་འབྱུང་འགྱུར་གཏོད་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ལག་བསྟར་བྱེད་འགོ་ཚུགས་པའི་དུས་འདིར། ལས་རིགས་ཁག་གི་འབད་འཐབ་པ་ཚོས་ཐོག་མའི་བསམ་འདུན་དང་ འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། སྙིང་རུས་ཆེན་པོས་འབད་བརྩོན་ཡར་རྒྱས་བརྩོན་ལེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་བྱ་གཞག་ཁག་གི་རྒྱུན་སྐྱོང་བཞིན་ཡོད།

             ཁྲོན་བོད་ལྕགས་ལམ་ནས་པའེ་ཧོ་ཐན་ཆུ་གློག་ས་ཚིགས་བར་དང་། ཧྲེན་ཀྲུང་བགྲོད་ལམ་ནས་ཞུང་ཨན་ཁུལ་གསར་བར། འཛུགས་སྐྲུན་པ་གྲངས་ལས་འདས་པ་ཞིག་གིས་ལས་གྲྭ་གལ་ཆེན་དང་གཙོ་གནད་རྣམ་གྲངས་ཀྱི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱས་ཏེ། དངོས་སྒྲུབ་དང་འབད་བརྩོན་ཧུར་ཐག་བྱས་ནས། “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བཞིན་ཡོད་པ་རེད། ཚན་རྩལ་གསར་གཏོད་ཀྱི་གཡུལ་ས་གཙོ་བོར། གཞོན་ནུ་ཚན་རྩལ་ལས་དོན་པ་ཚོས་ཧོང་ཏ་ཉན་དང་ནན་རེན་ཏུང་སོགས་ཚན་རིག་མཁས་ཅན་གྱི་འབད་འཐབ་ཀྱི་ཞབས་རྗེས་སྙེགས་ནས། འགག་རྩའི་ལག་རྩལ་གྱི་དཀའ་གནད་འགག་སྒྲོལ་བྱས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཕྱོགས་དང་པོར། ལག་ལེན་པ་ཁྲི་སྟོང་མང་པོས་སྔོན་གཤེགས་དཔའ་བོ་ཧོང་ཝུན་ཞིའུ་ཡི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་རེ་བའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་བཞིན་ཡོད།

             ཀོང་ཤིས་པའེ་སེ་ལེ་ཡེ་རྫོང་པའེ་ཉི་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཁྲེན་ཧུང་རེན་གྱིས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་ཧོང་ཝུན་ཤིའུ་ཡི་གཞི་རིམ་དུ་རྩ་བ་ཚུགས་པ་དང་། མང་ཚོགས་ལ་སེམས་ཁུར་བྱེད་པ། སྒེར་སེམས་མེད་པའི་ངང་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྙིང་སྟོབས་སློབ་སྦྱོང་བྱས་ཏེ། ཐོག་མའི་བསམ་འདུན་བྱ་སྤྱོད་ཐོག་འཁྱོལ་བ་དང་། འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས། དངོས་སྒྲུབ་ལ་བརྟེན་ནས་ཡུལ་མི་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་ཡོད།

             ཅང་ཤིས་ཡུས་ཏུའུ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ལས་བྱེད་པ་ལེའང་ཅན་ཆོན་གྱིས། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བ་དང་། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བའི་ལོ་ཡིན་ལ།“ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཚུགས་པའི་ལོ་ཡང་ཡིན་པས། ང་ཚོས་སྔོན་གཤེགས་དཔའ་བོ་ཚོས་དེའི་ཆེད་དུ་རང་སྲོག་བློས་བཏང་བའི་རླབས་ཆེན་གྱི་ཕུགས་བསམ་དེ་གཏན་ནས་མི་བརྗེད་པ་བྱས་ནས། རྒྱང་སྐྱོད་གསར་པའི་ཐོག་ལོ་རྒྱུས་ཀྱི་འགན་འཁྲི་མུ་མཐུད་ཡག་པོ་འཁུར་དགོས་ཞེས་གསུངས་ཡོད།

             བོད་ལྗོངས་དམག་ཁུལ་ཁང་གི་པུའུ་ག་གེ་མོ་པེན་ཁྲེང་གིས་དྭངས་གསལ་དུས་ཚིགས་རིང་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་སྐབས། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ལས་སླ་པོར་ཐོབ་པ་ཞིག་མིན་པར་དེ་བས་མྱོར་ཚོར་ཟབ་མོ་བྱུང་། མཐའ་སྲུང་དམག་མི་ཞིག་ཡིན་པའི་ངོས་ནས། ངས་སྔོན་གཤེགས་དཔའ་བོའི་འདས་འདུན་རྒྱུན་འཛིན་ཡག་པོ་བྱས་ནས། “དྭངས་གཙང་གི་བརྩེ་སེམས། ཀྲུང་གོ་ཁོ་ནའི་ཆེད་དུ་ཡིན་”ཞེས་པ་དེ་སེམས་ཀྱི་གཏིང་དུ་བཞག་པ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་ཡག་པོ་དང་སྦྱོང་བརྡར་ཧུར་ཐག་བྱས་ཏེ། ལྷག་བསམ་རྣམ་དག་དང་འགན་འཁུར་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་སྐྱིད་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

             མི་རབས་རེ་རེར་མི་རབས་རེ་རེས་སྐྱོད་དགོས་པའི་རྒྱང་སྐྱོད་རེ་ཡོད་པ་དང་། མི་རབས་རེ་རེར་མི་རབས་རེ་རེས་འཁུར་དགོས་པའི་འགན་འཁྲི་རེ་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག མི་དམངས་དུང་ཕྱུར་མང་པོས་དཔའ་བོར་བརྩི་མཐོང་དང་། སྐྱེ་བོ་དམ་པ་མིག་དཔེར་འཛིན་པ། ངར་སེམས་ཆེར་སྐྱེད། མདུན་སྐྱོད་ལྷོད་མེད་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ཡོད།


རྩོམ་སྒྲིག་པ། རིག་གྲོལ།