ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

ཨ་རི་དང་ནུབ་ཕྱོགས་ཀྱིས་རང་རྒྱལ་གྱི་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་འཛུགས་ལ་སྐྱོན་བརྗོད་བྱེད་པར་གནས་ལུགས་སྤུ་ཙམ་ཡང་མེད།

སྤེལ་དུས 2026-01-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        སྐད་བརྡ་ནི་འབྲེལ་འདྲིས་ཀྱི་ལག་ཆ་ཞིག་ཡིན་པའི་ངོས་ནས་མིའི་རིགས་ཀྱི་ཤེས་དཔལ་གྱི་མཚོན་རྟགས་ཤིག་ཡིན། རྒྱལ་ཁབ་རེ་རེ་དང་རིགས་ཚོ་རེ་རེ་ཚང་མར་སྐད་བརྡ་ག་གེ་མོ་ཞིག་བདམས་ནས་སྤྱི་སྤྱོད་བྱེད་པའི་དབང་ཆ་ཡོད། སྤྱི་སྤྱོད་ཀྱི་སྐད་བརྡ་དེས་མིའི་རིགས་ཀྱི་དེ་བས་རྒྱ་ཆེ་བའི་སྤེལ་རེས་ལ་སྟབས་བདེ་བསྐྲུན་པ་སྨོས་མེད་རེད།
        གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནས་བརྗོད་ན། དབྱིན་ཡིག་ནི་རྒྱལ་ཁབ་དང་ས་ཁུལ50ལྷག་ཙམ་གྱི་གཞུང་ཕྱོགས་ཀྱི་སྐད་བརྡ་ཞིག་ཡིན་པའི་ངོས་ནས་ཆེས་རྒྱ་ཁྱབ་ཏུ་སྤྱོད་པའི་རྒྱལ་སྤྱིའི་སྤྱི་སྤྱོད་སྐད་བརྡ་ཞིག་ཡིན་པས། ཚོང་དོན་དང་། ཕྱི་འབྲེལ། ཚན་རིག་སློབ་གསོ་སོགས་ཁྱབ་ཁོངས་སུ་རིག་གནས་ལས་བརྒལ་བའི་འབྲེལ་གཏུག་དང་ཤེས་བྱ་ཁྱབ་སྤེལ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། ཨ་རི་དང་ནུབ་ཕྱོགས་ཀྱིས་དེའི་ཐད་རྩ་བའི་ཆ་ནས་བསམ་འཆར་མི་འདྲ་བ་མེད། དེ་དང་ཆབས་ཅིག་རྒྱལ་ཁབ་མང་པོ་ཞིག་དང་ལྷག་པར་དུ་མི་རིགས་མང་བའི་རྒྱལ་ཁབ་ཀྱིས་རིག་གནས་སྣ་མང་གི་རྒྱབ་ལྗོངས་འོག“སྤེལ་རེས་ཀྱི་སྤྱིའི་མགོ་གྲངས”བཟོས་ནས་ཁྲིམས་འཛུགས་བརྒྱུད་སྤྱི་སྤྱོད་སྐད་ཡིག་གཏན་འཁེལ་བྱས་ཏེ་རིགས་ཚོ་མི་འདྲ་བའི་དཔལ་འབྱོར་མཉམ་ལས་དང་། རིག་གནས་མཉམ་འདྲེས། དམངས་འཚོའི་ཞབས་ཞུ་བཅས་ལ་རྨང་གཞིའི་སྤེལ་རེས་ཀྱི་ལག་ཆ་མཁོ་འདོན་བྱེད་ཀྱི་ཡོད།
        རྒྱ་གར་ལ་མི་རིགས་བརྒྱ་ལྷག་ཙམ་ཡོད་ལ། མངའ་ཁོངས་ནང་ཁུལ་མི་རིགས་ཀྱི་སྐད་ཀྱང་ཆིག་སྟོང་ལྷག་ཙམ་ཡོད། དེའི་རྩ་ཁྲིམས་ནང་རྒྱ་གར་གྱི་སྐད་དང་དབྱིན་ཡིག་ནི་གཞུང་ཕྱོགས་ཀྱི་སྤྱི་སྤྱོད་སྐད་ཡིག་ཡིན་པ་ཁ་གསལ་བཟོས་ནས་ས་ཁོངས་དང་རིགས་ཚོ་དབར་གྱི་འབྲེལ་གཏུག་གི་བཀག་རྒྱ་གཏོར་བ་དང་། ཁ་ན་ཏས་ཁྲིམས་འཛུགས་བྱས་ཏེ་དབྱིན་ཇི་དང་ཧྥ་རན་སིའི་སྐད་གཉིས་གཞུང་ཕྱོགས་ཀྱི་སྐད་དུ་གཏན་འཁེལ་བྱས་ནས་ས་ཁོངས་ལས་བརྒལ་བའི་སྤེལ་རེས་ཀྱི་སྦྲེལ་ཐག་བཙུགས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྐད་ལ་སྲུང་སྐྱོང་བྱེད་ཐབས་བྱས་ཏེ་རིགས་ཚོ་སྣ་མང་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱས་པ། ལྷོ་ཨ་ཧྥེ་རི་ཁར་མ་གཞི་གཞུང་ཕྱོགས་ཀྱི་སྐད་རིགས11ཡོད་མོད། འོན་ཀྱང་སྔར་བཞིན་ཁྲིམས་འཛུགས་བྱས་ཏེ་སྐད་ཡིག་སྤྱོད་གོ་ཆོད་པའི་རྣམ་པ་ཁ་གསལ་བཟོས་ནས་སྐད་རིགས་མི་མཐུན་པའི་དབང་གིས་སྤྱི་ཚོགས་འཁོར་སྐྱོད་ཟད་གྲོན་མི་ཡོང་བ་བྱས་པ་སོགས་རེད། དེ་དག་ལས་སྤྱི་སྤྱོད་སྐད་ཡིག་ལ་ཁྲིམས་འཛུགས་རྒྱུ་དེ་རྒྱལ་སྤྱིའི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་ལ། མི་རིགས་མང་བའི་རྒྱལ་ཁབ་མང་པོ་ཞིག་གི་བཅོས་སྐྱོང་ལག་ལེན་ཁྲོད་དུའང་ར་སྤྲོད་ཐུབ་ཡོད་པས། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་ཁྱབ་ཁོངས་ནང་གི་རང་བདག་གདམ་ག་ཞིག་ཡིན་ལ། དེ་བས་རྒྱ་ཁྱབ་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་བྱེད་ཐབས་ཤིག་ཀྱང་ཡིན་པ་མཐོང་ཐུབ།
        རང་རྒྱལ་གྱི་ས་ཁོངས་རྒྱ་ཆེ་ཞིང་ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་སྐད་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་དང་། མི་རིགས་སོ་སོར་རང་ཉིད་ཀྱི་སྐད་བརྡའི་མ་ལག་ཡོད་པ། མི་རིགས་གཅིག་ཡིན་ཡང་ས་ཁོངས་ཀྱི་ཧེ་བག་ལས་སྐད་བརྡ་འཕྲོད་ཀྱི་མེད། སྐད་བརྡ་སྣ་མང་རང་བཞིན་ནི་རང་རྒྱལ་གྱི་མི་རིགས་སྣ་མང་གཞི་གཅིག་གི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན། རང་རྒྱལ་ལ་སྣ་མང་སྐད་བརྡའི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་དགོས་མཁོ་འཕྲད་བཞིན་ཡོད་པས། སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་དང་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་དབང་ཆ་དང་འོས་འགན་ཁ་གསལ་བཟོ་རྒྱུ་དེ་རྒྱལ་སྤྱིའི་གོམས་སྲོལ་དང་མཐུན་པ་མ་ཟད། དེ་བས་ཚབ་བྱེད་ཐབས་བྲལ་བའི་དོན་དངོས་ཀྱི་དོན་སྙིང་ཡང་ལྡན་ཡོད།
        2025ལོའི་ཟླ12པའི་ཚེས27ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། 2026ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་ལེན་བསྟར་འགོ་ཚུགས་ཡོད། བཅའ་ཁྲིམས་འདི་ཁྱབ་བསྒྲགས་བྱས་པ་ནས་བཟུང་ལོ25སོང་རྗེས་བཟོ་བཅོས་ཐེངས་དང་པོ་བརྒྱབ་པ་དེ་ནི་དུས་རབས་གསར་པའི་སྐད་བརྡའི་འཚོ་བའི་དགོས་མཁོ་གསར་པར་ལན་བཏབ་པ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་རིག་གནས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བར་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད། དེ་དང་ཆབས་ཅིག་ལམ་ལུགས་ཇུས་འགོད་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ལ་སྲུང་སྐྱོང་བྱེད་པའི་དབར་དོ་སྙོམས་འཕེལ་རྒྱས་ཀྱི་ཟམ་པ་ཞིག་བསྐྲུན་ཡོད།

        བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་གི་གྲོང་གསེབ་དེབ་ཁང་ནང་གི་རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་སྦྱར་ཡིག།
        འོན་ཀྱང་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་རྒྱུན་གཏན་གྱི་བྱ་སྤྱོད་དེ་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁག་གཅིག་གིས་ལུང་ཚིག་ལོག་འདྲེན་གྱིས“གྲངས་ཉུང་མི་རིགས་ས་ཁུལ་ལ་དམིགས་པར”འཁྱོག་བཤད་བྱས་ཏེ། རང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་དང་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་སྲུང་སྐྱོང་གི་གཏན་འབེབས་དང་བྱེད་སྟངས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། བསམ་བཞིན་དུ་འཁྱོག་བཤད་བྱེད་པ་དེ་རིགས་ནི“སྤྱི་པའི་སྤེལ་རེས་ལག་ཆ”དང“མི་རིགས་རིག་གནས་ཀྱི་གཞི་རྟེན”བཙན་ཤེད་ཀྱིས་ཁ་གཏད་དུ་བཏང་བའི་ཕྱོགས་རྐྱང་པའི་ངོས་འཛིན་ཞིག་ཡིན་ལ། རང་རྒྱལ་གྱི་བཅའ་ཁྲིམས་སྲིད་ཇུས་ལ་བསམ་ངན་གྱིས་ནག་ཉེས་བཟོ་བ་ཞིག་དེ་བས་ཀྱང་ཡིན་ཞིང་། དེ་ནི་ཁྲིམས་འཛུགས་ཀྱི་ཐོག་མའི་བསམ་འདུན་ལ་གོ་བ་ནོར་འཁྲུལ་བླངས་པ་ཞིག་ཡིན་ལ། རང་རྒྱལ་གྱི་མི་རིགས་མང་པོའི་སྐད་བརྡ་འཕེལ་རྒྱས་ལག་ལེན་གྱི་དོན་དངོས་དང་ཡང་ཚབས་ཆེན་མི་མཐུན་པ་ཞིག་ཡིན་པས་བརྟན་པོར་རྩ་བ་ནས་གནས་མི་ཐུབ།
        རང་རྒྱལ་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་འཛུགས་ནང་སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་དབང་དང་འོས་འགན་ཁ་གསལ་བཟོས་ཡོད་ཅིང་། “རྒྱལ་ཁབ་ཀྱིས་སྤྱི་དམངས་ལ་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་ཆ་རྐྱེན་བསྐྲུན་པ”ནི་འབྲེལ་གཏུག་གི་བཀག་རྒྱ་གཏོར་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སློབ་གསོ་དང་། ལས་ཞུགས། སྨན་བཅོས། ཁྲིམས་འཛིན་སོགས་ཁྱབ་ཁོངས་སུ་འདྲ་མཉམ་ངང་ཞུགས་པའི་གོ་སྐབས་བསྐྲུན་པ་ཞིག་ཡིན་པ་དང་། “རྒྱལ་ཁབ་ཀྱི་ལས་ཁུངས་དང་། སློབ་གྲྭ སྤྱི་པའི་ཞབས་ཞུའི་ལས་རིགས་སོགས་གཙོ་གནད་ཁྱབ་ཁོངས་སུ་སྤྱི་སྤྱོད་སྐད་ཡིག་ཚད་ལྡན་ངང་སྤྱོད་པ”ནི་སྤྱི་པའི་སྤེལ་རེས་ལས་སྟེགས་བཙུགས་ནས། སྤྱི་ཚོགས་འཁོར་སྐྱོད་ཀྱི་ལས་ཆོད་ཆེ་རུ་བཏང་སྟེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ་དེ་རེད།
        ང་ཚོས་མཐོང་བ་ལྟར་ན། ཐག་རིང་ལུང་ཁུག་གི་མི་རིགས་ས་ཁུལ་དུ་སྤྱི་སྤྱོད་སྐད་ཆ་ཁོང་དུ་ཆུད་པ་དེས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཕ་ཡུལ་ནས་ཕྱིར་ཐོན་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་རག་ཡོད་པ་དང་། རྨང་གཞིའི་སློབ་ཁྲིད་ཁྲོད་སྤྱོད་པའི་སྐད་ཅིག་ཡིན་པའི་སྤྱི་སྤྱོད་སྐད་ཀྱིས་གྲངས་ཉུང་མི་རིགས་ཀྱི་སློབ་མའི་ངེས་ཤེས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་རོགས་བྱས་ཏེ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་དང་ལེན་བྱེད་པའི་གོ་སྐབས་དེ་བས་མང་བ་ཐོབ་ནས་མི་སྒེར་འཚར་ལོངས་ཡོང་བར་ལམ་བུ་བཏིང་བ་དང་ཟམ་པ་བཙུགས་པ་སོགས། སྤྱི་སྤྱོད་སྐད་ཡིག་ཡོངས་ཁྱབ་ཐུབ་པ་དེས་མི་རིགས་ཁག་གིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུར་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་བསྐྲུན་ཡོད་པ་ལག་ལེན་ལས་ར་འཕྲོད་ཐུབ་ཡོད།

        2024ལོའི་ཟླ7པར་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་གསེར་ཊ་ཞང་སློབ་ཆུང་དུ་ཞོགས་ཚོགས་སྐབས་རྒན་ལགས་ཀྱིས་སློབ་མའི་བོད་ཡིག་ཉན་ཀློག་བྱས་ཚུལ་ཞིབ་བཤེར་བྱེད་བཞིན་པ།
        དེ་དང་ཆབས་ཅིག་ཁྲིམས་འཛུགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཁྲིམས་སྐྱོང་གི་སྒྲོམ་གཞིའི་ནང་འཆམ་མཐུན་མཉམ་གནས་ཐུབ་པའི་འགན་ལེན་བྱས་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི་བཅའ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་བཀོད་གནས་བབ་ཁ་གསལ་བཟོས་པ་དང་ཆབས་ཅིག “མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད་པ”སོགས་ཀྱི་དོན་ཚན་སོར་འཇོག་དང་འཐུས་སྒོ་ཚང་དུ་བཏང་བ་དང་འབྲེལ། ཞིབ་ཕྲའི་གཏན་འབེབས་རབ་དང་རིམ་པ་བརྒྱུད་མི་རིགས་ཀྱི་སྐད་ཡིག་འཕེལ་རྒྱས་ཡོང་བར་གཡས་གཞོགས་གཡོན་འདེགས་ཀྱང་བྱས་ཡོད། གཏན་འབེབས་དེ་དག་ཤོག་ཐོག་ཙམ་གཏན་ནས་མིན།
        གསར་འགོད་པས་ལོ་མང་བོད་ལྗོངས་སུ་བཅར་འདྲིར་བསྐྱོད་པའི་བརྒྱུད་རིམ་ཁྲོད་ནག་ཆུ་གྲོང་ཁྱེར་སོག་རྫོང་གསེར་ཊ་ཞང་སློབ་ཆུང་དུ་རྒྱུན་གཏན་ཞོགས་ཚོགས་སྐབས་རྒན་ལགས་ཀྱིས་སློབ་མར་བོད་ཡིག་སྦྱོར་ཀློག་རྒྱག་སྟངས་དམར་ཁྲིད་གནང་བ་དང་། ཁྲོམ་གཞུང་དང་སྲང་ལམ་ཆུང་ཆུང་ལ་སྐྱོད་སྐབས་ཚོང་ཁང་དང་ལམ་རྟགས་ཐོག་རྒྱ་བོད་སྐད་གཉིས་ཀྱི་མཚོན་རྟགས་ཡོད་པ། བོད་རིགས་ཀྱི་རང་སྨྱན་སྦྱོར་གསར་རྩོམ་པས་བོད་རྒྱ་སྐད་གཉིས་ཀྱི་བརྙན་འཕྲིན་གསར་རྩོམ་བྱས་ནས་ས་མཐོའི་འཚོ་བ་མཉམ་སྤྱོད་བྱེད་པ། བོད་ཡིགAIམ་ལག་ཞིབ་སྤེལ་བེད་སྤྱོད་བྱས་པ་དེས་མི་རིགས་ཀྱི་སྐད་ཡིག་གྲངས་འཛིན་ཅན་གྱི་དགོས་མཁོ་དང་འཚམ་ཐུབ་པ་བྱུང་བ་སོགས་མཐོང་ཡོད། དེ་དག་ཚང་མ་དུས་རབས་གསར་པར་མི་རིགས་ཀྱི་སྐད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་མཚོན་ཚུལ་ཞིག་རེད།

        “རིག་པའི་འབྱུང་གནས། གཡང་ཁྱིམ་ཛམ་ཐང”ཞེས་པའི2025ལོའི་པེ་ཅིང་དུ་བསྐྱོད་པའི་བྱེད་སྒོ་སྤེལ་རིང་འགྲེམས་སྟོན་ནང་ཞུགས་མཁན་ཚོས་ལྟད་མོ་བ་རྣམས་ལ་བོད་ཡིག་ཡིག་གཟུགས་འབྲི་རྩལ་ངོམ་སྟོན་བྱེད་བཞིན་པ།
        བཅའ་ཁྲིམས་ནས་ལག་ལེན་བར། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྲིམས་འཛུགས་ཀྱི་ལག་ལེན་ལས་ཀྲུང་ཧྭ་རིག་གནས་སྣ་མང་རང་བཞིན་གྱི་རྩ་བ་ཇི་ལྟར་སྲུང་འཛིན་བྱེད་དགོས་པ་དང་། མི་རིགས་བསྐྱར་དར་གྱི་བསམ་པའི་སྟོབས་ཤུགས་ཀྱང་གཅིག་སྡུད་བྱས་ཏེ། མཐར“རང་གི་རྒྱན་གྱིས་རང་ཉིད་བརྒྱན། གཞན་གྱི་རྒྱན་ཡང་རྒྱན་དུ་འཛིན་པའི”དམིགས་ཡུལ་མངོན་འགྱུར་བྱེད་དགོས་པ་གསོན་ཉམས་ལྡན་པའི་ངང་གསལ་འགྲེལ་བྱས་ཡོད།