ཟླ་1ཚེས་5ཉིན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གསར་ཞུགས་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བའི་གནས་ཚུལ་ཡིན་པ།
ཟླ་1ཚེས་5ཉིན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གསར་ཞུགས་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ནས་རང་རེའི་ཏང་ཆེན་པོ་འདི་ལྟ་བུ་འཛུགས་སྐྱོང་ཡག་པོ་དང་རང་རེའི་རྒྱལ་ཁབ་ཆེན་པོ་འདི་འདྲར་འགོ་ཁྲིད་ཡག་པོ་བྱེད་པར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་ནི་གལ་འགངས་ཤིན་ཏུ་ཆེ་བས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། ལོ་རྒྱུས་ཀྱི་མིག་རྒྱང་འདིང་བ། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་ཟབ་ཏུ་གཏོང་བ། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཤེས་བྱའི་བྱང་ཚད་ཕུན་སུམ་ཚོགས་སུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱེད་པ་དང་། ལོ་རྒྱུས་དང་དོན་དངོས་ཕན་ཚུན་སྦྲེལ་མཐུད་དང་། རྒྱལ་སྤྱི་དང་རྒྱལ་ནང་ཕན་ཚུན་སྦྲེལ་བ། རིགས་པའི་གཞུང་ལུགས་དང་དོན་དངོས་ཕན་ཚུན་ཟུང་འབྲེལ་བཅས་ཀྱི་མཐོང་རྒྱ་ཡངས་པོ་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཁག་གཅིག་ལ་བསམ་གཞིག་དང་ཁོང་དུ་ཆུད་པར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་མ་གཏོང་བ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཉེན་ཁ་དང་འགྲན་སློང་ལ་དོགས་ཟོན་བྱེད་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཀྱིས་ལས་དོན་སྒྲུབ་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བསམ་བློ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ། སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཐོག་གཅིག་ཏུ་སྒྲིལ་བ་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་རིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་བྱས་པའི་འབྲས་བུ་ཞིག་ཡིན་ལ། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་རྒྱུན་མཐུད་བྱེད་པ་ཞིག་ཀྱང་ཡིན་པས། ངེས་པར་དུ་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། ལོ་རྒྱུས་དང་དོན་དངོས་ཚང་མ་ལས་སྤྱི་ཚོགས་ཀྱི་གསར་བརྗེར་མཐའ་མའི་རྒྱལ་ཁ་ཐོབ་པ་བྱེད་པར། ལོ་རྒྱུས་ཀྱི་བརྒྱུད་རིམ་ངེས་ཅན་ཞིག་དགོས་པ་ང་ཚོར་བསྟན་ཡོད། སྐྱོད་མྱོང་བའི་ལམ་བུར་ཕྱིར་ལྟ་དང་། གཞན་གྱི་ལམ་བུ་དང་སྡུར་བ། མདུན་སྐྱོད་ཀྱི་ལམ་བུར་རྒྱང་ལྟ་བཅས་བྱས་ཚེ་གཞི་ནས་ང་ཚོ་གང་ནས་ཡོང་བ་དང་གང་དུ་འགྲོ་མཁན་ཡིན་པ་གསལ་པོར་རྟོགས་པ་མ་ཟད། གནད་དོན་མང་པོ་ཞིག་གཞི་ནས་གསལ་ཤེས་ཐུབ་པ་དང་སྟངས་འཛིན་ཡང་དག་ཐུབ་རྒྱུ་ཡིན་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40རིང་གི་རླབས་ཆེན་ལག་ལེན་ནས་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70ཙམ་རིང་གི་རྒྱུན་མཐུད་འཚོལ་ཞིབ་ནས་བྱུང་བ། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལོ་97བྱེད་རིང་གི་ལག་ལེན་ནས་བྱུང་བ། ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཉམས་རྒུད་ནས་དར་རྒྱས་ཡོང་རིང་གི་ལོ་ངོ་170ལྷག་ཙམ་གྱི་ལོ་རྒྱུས་འཕེལ་རིམ་ནས་བྱུང་བ། ཀྲུང་ཧྭའི་ཤེས་དཔལ་ལོ་ངོ་5000ལྷག་ཙམ་རིང་གི་རྒྱུན་འཛིན་འཕེལ་རྒྱས་ནས་བྱུང་བ། ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་པ་དང་བློས་གཏོང་སྣ་ཚོགས་བྱས་པ་ལས་བྱུང་བའི་གྲུབ་འབྲས་རྩ་ཆེན་ཞིག་ཡིན་པ་ལས། གློ་བུར་དུ་གནམ་ནས་ཟགས་པ་ཞིག་མིན་སྟབས། གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་ལས་སླ་པོ་ཞིག་མིན་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྲུང་གོར་གྲུབ་འབྲས་ཐོབ་པ་ནི་མར་ཁེ་སི་རིང་ལུགས་དང་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དོན་སྙིང་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་དོན་སྙིང་ཐད་ལ་གལ་འགངས་ཧ་ཅང་ཆེན་པོ་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ཆབ་སྲིད་ཀྱི་ཆོད་འདོམས་གལ་ཆེན་གནང་བ་དེ་ལས་དུས་རབས་གསར་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ཡིན་པ་ལས་གཞན་གང་གི་དུས་རབས་གསར་པ་མིན་པ་ང་ཚོས་ངེས་པར་དུ་ངོས་འཛིན་ཐུབ་པར་བྱེད་དགོས། ཏང་གིས་ལོ་རྒྱུས་ཀྱི་གནས་བབ་གསར་པ་ནས་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འགན་འཁྲི་མངོན་འགྱུར་བྱེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་དགོས་པ་ནི་རྩ་བ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་ནི་ང་ཚོས་གསར་བརྗེའི་སྙིང་སྟོབས་མི་འདོར་བར་རང་ཉིད་གུང་ཁྲན་ཏང་མི་ཞིག་དང་གསར་བརྗེ་བ་ཞིག་ཡིན་པ་མི་བརྗེད་པའི་ཆེད་དུ་རེད། ཁ་སང་ལེགས་གྲུབ་བྱུང་བའི་གྲུབ་འབྲས་ཀྱིས་ཕྱིས་འབྱུང་ཡང་གྲུབ་འབྲས་དེ་ལྟར་ལྡན་པ་མཚོན་མི་ཐུབ་ལ། འདས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཀྱིས་འབྱུང་འགྱུར་ཡང་དེ་ལྟར་འོད་སྟོང་ལྡན་པ་སྟོན་མི་ཐུབ་པའི་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་འདི་མུ་མཐུད་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་རང་རེའི་ཏང་གིས་ངེས་པར་དུ་བློ་ཁོག་ཆེན་པོས་རང་ངོས་གསར་བརྗེ་བྱེད་ཕོད་པ་བྱས་ནས་ཏང་འཛུགས་སྐྱོང་བྱེད་པ་སྔར་བས་བརྟན་ཞིང་ནུས་ལྡན་ཞིག་ཡོང་བར་བྱེད་དགོས། རང་ངོས་གསར་བརྗེ་བྱེད་ཕོད་པ་དང་ཏང་ནན་པོས་དོ་དམ་དང་སྐྱོང་བ་ནི་རང་རེའི་ཏང་གི་གཤིས་རྒྱུད་མངོན་པར་གསལ་བ་ཞིག་ཡིན་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད་ཅེས་གསུངས།
ཞི་ཅིན་ཕིང་གིས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དཀའ་ཚེགས་ལས་འགན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ལས་འགན་གྱིས་རང་རེའི་ཏང་ལ་སྔར་འབྱུང་མྱོང་མེད་པའི་འགྲན་སློང་གསར་པ་དང་བླང་བྱ་གསར་པ་བཏོན་ཡོད་པས། ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་དང་ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་གཏོང་བའི་རྒྱུ་རྐྱེན་སྣ་ཚོགས་ལ་ཉེན་ཁའི་རང་བཞིན་དང་གཏོར་བཤིག་རང་བཞིན་ཆེན་པོ་ལྡན་པ་ངེས་པར་དུ་མཐོང་དགོས། དེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ་སྟེ། རྨང་གཞི་བརྟན་གཏོང་དང་གསར་འབྱེད་གསར་གཏོད། གཙོ་གནད་འགག་རྩར་དམ་འཛིན་དང་སྤྱི་ཡོངས་ཀྱི་རྣམ་པ་ཆགས་པ། ལྷག་དོན་དུ་རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱེད་པའི་སྙིང་སྟོབས་འདོན་རྒྱུར་རག་ལུས་ཡོད་ཅེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། ལོ་རྒྱུས་མེ་ལོང་དུ་བཟུང་པས་དར་རྒུད་ཅི་བྱུང་ཤེས། བྱས་རྗེས་མིང་གྲགས་ཐོབ་སྐབས་བདེ་སྡོད་ཉེན་བསམ་དང་། ལས་གཏོད་ཐོག་མར་བྱེད་དུས་ཀྱི་ཧུར་བསྐྱེད་ཡར་བརྩོན་གྱི་བསམ་བློའི་འཁྱེར་ཕྱོགས་དེ་རིགས་རྒྱུན་འཁྱོངས་ཐུབ་པ་ལས་སླ་པོ་མིན་ལ། སྲིད་དབང་བཟུང་རྗེས་ཧུར་བསྲི་བག་ཡོད་དང་མགོ་མཇུག་གཏན་འཁྱོངས་ཐུབ་པ་ལས་སླ་པོ་མིན་པ། དུས་བདེའི་སྐབས་སུ་བཅོས་སྐྱོང་ནན་པོ་དང་རུལ་རྒོལ་བག་ཡོད་ཐུབ་པ་ལས་སླ་པོ་མིན་པ། རྩ་འགྱུར་གལ་ཆེན་གྱི་འགག་རྩའི་དུས་སུ་རླབས་རྒྱུན་དང་དམངས་སེམས་ལ་བསྟུན་ཐུབ་པ་ལས་སླ་པོ་མིན། ང་ཚོའི་ཏང་སྔ་ཕྱི་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་དང་མི་རིགས་ཀྱི་སྒལ་ཚིགས་ལྟ་བུར་འགྱུར་བར་བྱེད་པ་དང་སྔ་ཕྱི་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འགྱུར་བར་བྱེད་པར་རང་ངོས་ནས་ཉམས་སད་ཐེག་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་རང་རེའི་ཏང་འཛུགས་སྐྱོང་ཡག་པོ་བྱེད་པར་ངེས་པར་དུ“འགག་རྩའི་ཉུས་ཤས”ལ་དམ་འཛིན་བྱེད་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ངེས་པར་དུ་དད་སེམས་ཚད་ལོན་དང་། ཆབ་སྲིད་ཚད་ལོན། འགན་འཁྲི་ཚད་ལོན། འཇོན་ཐང་ཚད་ལོན། སྤྱོད་ཚུལ་ཚད་ལོན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་འགོ་ཁྲིད་ལས་བྱེད་པས“ནན་གསུམ་དྲང་གསུམ”ལག་ལེན་ལས་ཀ་དང་འཚོ་བ་ཧྲིལ་པོར་ཁྱབ་པར་བྱས་ནས་གོམས་གཤིས་ལ་འཇགས་པ་དང་གོ་རྟོགས་ཀྱི་ཚད་ཅིག་ཏུ་སླེབས་པར་བྱེད་དགོས། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བར་སྣེ་ཁྲིད་དེ་ཡིན་མིན་བཟང་ངན་དབྱེ་འབྱེད་དང་སྐྱོན་བྲལ་གྱི་བསམ་བློའི་འཁྱེར་སོ་དོན་གཉེར་བྱས་ནས་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་མཐོན་པོར་མིག་བལྟོས་རྒྱུན་མི་ཆད་པ་བྱས་ཏེ། སེམས་ལ་ཉེན་ཟོན་ཡོད་པ་དང་། སྤྱོད་ཚུལ་ལ་ཚོད་འཛིན་ཡོད་པ། མཐའ་ཚད་སྲུང་བ། གློག་ཆེན་ལ་མི་རེག་པ་བཅས་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས“མ་བྱུང་སྔོན་འགོག་བྱེད་པ་ནི། རྒྱབ་ཁབ་སྐྱོང་བའི་གནས་ལུགས་ཡིན”ཞེས་པ་ལྟར་ད་ཆ་རང་རྒྱལ་སྒྲུབ་རིན་ཆེན་པོ་ལྡན་པའི་ལོ་རྒྱུས་ཀྱི་གོ་སྐབས་སུ་གནས་ཡོད་པས་འཕེལ་རྒྱས་ཀྱི་རྣམ་པ་སྤྱིའི་ཆ་ནས་ཡག་པོ་ཡོད། འོན་ཀྱང་མདུན་སྐྱོད་ཀྱི་ལམ་བུ་རྟག་ཏུ་ཕན་ཐོགས་མེད་པ་ཞིག་མིན་ལ། གྲུབ་འབྲས་ཇི་ཙམ་ཐོབ་པ་དེ་ཙམ་གྱིས་འཁྱགས་པ་སྲབ་མོའི་སྟེང་དུ་སྐྱོད་པ་བཞིན་གཟབ་ནན་དགོས་ལ། བདེ་སྡོད་ཉེན་བསམ་གྱི་སེམས་ཁྲལ་ཡང་དགོས་པས་འཐབ་ཇུས་རང་བཞིན་དང་མགོ་མཇུག་ལྡོག་པའི་ནོར་འཁྲུལ་གཏན་ནས་མི་ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།