ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཁོང་རྣམ་པས་ལས་བསྒྲུབས་སྙན་ཞུ་ཕུལ་འདུག

སྤེལ་དུས 2025-02-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    ཏང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།  ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱིས་ལོ་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ལས་བསྒྲུབས་སྙན་ཞུ་འབུལ་དགོས་ཀྱི་ཡོད། ཉེ་དུས། འབྲེལ་ཡོད་བློ་མཐུན་གྱིས་གཏན་འབེབས་གཞིར་བཟུང་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་2024ལོའི་ལས་བསྒྲུབས་སྙན་ཞུ་ཕུལ་ཡོད། 
    ཞི་ཅིན་ཕིང་གིས་ལས་བསྒྲུབས་སྙན་ཞུར་ནན་ཏན་གྱིས་གཟིགས་ཞིབ་གནང་བ་མ་ཟད་བླང་བྱ་གལ་ཆེན་བཏོན་གནང་ཡོད། ཁོང་གིས། ད་ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཞིག་ཡིན་ལ། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་ལོ་ཞིག་ཀྱང་ཡིན་པས། བསྒྱུར་བཅོས་དང་གོང་འཕེལ་དང་བརྟན་ལྷིང་བཅས་ཀྱི་ལས་འགན་ལྕི་པོ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཡག་པོ་འཛུགས་ཐུབ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་མཁོ་འདོན་བྱེད་དགོས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་ཀྱི་འགྱུར་ལྡོག་ལས་བྱུང་བའི་འགྲན་རྩོད་ལ་སྒམ་བརླིང་ངང་ཁ་གཏད་གཅོག་དགོས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ།  འཐུས་སྒོ་ཚང་བ་དང་། གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས་པ། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་སྐྲུན་དགོས་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་གཏོང་བ། དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་དང་ལེགས་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་གནས་བབ་ཆེ་མོའི་བརྟན་ལྷིང་ལ་འགན་ལེན་བྱེད་དགོས། ཏང་གཤིས་ལ་ཞུན་བརྡར་བྱེད་པ་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་གྲུབ་འབྲས་ལྟ་བ་ཡང་དག་འཛུགས་པ་དང་དེ་ལག་བསྟར་བྱེད་དགོས་པ།  བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་དགོས་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་དགོས། རང་འཁྲིའི་འགན་གནས་ཐོག་གཞི་ཚུགས་པ་དང་། ལས་ཀ་ཧུར་ཐག་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ལས་འགན་གཙང་སྒྲུབ་དང་དཀའ་ངལ་ཁྱད་བསད་བྱེད་དགོས་པ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་སྟོན་གནང་ཡོད།