ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

སྤེལ་དུས 2025-03-04 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་ལྔ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དཔལ་འབྱོར་ལས་དོན་གྱིས་འབྲེལ་བ་གལ་ཆེན་ཁག་གཅིག་སྤྱི་འདོམས་ཡག་པོ་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
  རྩོམ་ཡིག་ནང་ནན་བཤད་གནང་དོན། 2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ཕྱི་རོལ་གྱི་གནོན་ཤུགས་ཇེ་ཆེར་འགྲོ་བ་དང་ནང་ཁུལ་གྱི་དཀའ་ངལ་ཇེ་མང་དུ་འགྲོ་བའི་རྙོག་འཛིང་ཆེ་ལ་ཛ་དྲག་གི་དུས་བབ་མདུན་དུ་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བབ་བསྟུན་ངང་ཁ་གཏད་གཅོག་པ་དང་ཕྱོགས་བསྡུས་ཇུས་བསྟར་བྱས་པར་བརྟེན་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐུབ་སྟེ་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་མུ་མཐུད་ཆེ་རུ་ཕྱིན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་གོམ་སྟབས་བརྟན་པོ་དང་གསར་པ་ཞིག་སྤོས་ཡོད། ལོ་གཅིག་རིང་གི་འཕེལ་རྒྱས་བརྒྱུད་རིམ་ནི་སྤྱིར་བཏང་མིན་ལ། གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་ལྕག་ཐེབས་ཡོད། ཟླ་9ཚེས་26ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་འཕར་ཚད་སྲིད་ཇུས་སྦབ་ཆ་གཅིག་འཕྲལ་ཐག་ཆོད་པོས་བཀོད་སྒྲིག་བྱས་པར་བརྟེན། ཁང་པ་དང་མ་རྐང་ཁྲོམ་ར་དང་། དེ་བཞིན་ཁྲོམ་རའི་སྔོན་དཔག་དང་སྤྱི་ཚོགས་ཀྱི་གདེང་ཚོད་བཅས་ཆེ་རུ་གང་ལེགས་ཕྱིན་པ་དང་། དཔལ་འབྱོར་མངོན་གསལ་དོད་པོས་བསྐྱར་འཕར་བྱུང་སྟེ། ལོ་ཧྲིལ་པོའི་དམིགས་ཚད་མངོན་འགྱུར་ལ་སྐུལ་མ་ཐེབས་པ་མ་ཟད། 2025ལོའི་དཔལ་འབྱོར་འཕེལ་རྒྱས་ལའང་རྨང་གཞི་བཟང་པོ་ཞིག་བཏིང་ཡོད།
  རྩོམ་ཡིག་ནང་བསྟན་དོན། དུས་བབ་ལ་དབྱེ་ཞིབ་བྱེད་པར“སྨྲ་བ་གཉིས”མཐའ་འཁྱོངས་བྱེད་དགོས་པ་སྟེ། དེ་ནི་གྲུབ་འབྲས་ཡག་པོ་ཤོད་དགོས་ལ། གནད་དོན་ཡང་ཁ་གསལ་ཤོད་དགོས་རྒྱུ་དེ་རེད། མིག་སྔར། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཕན་མེད་ཀྱི་ཤུགས་རྐྱེན་ཟབ་ཏུ་ཕྱིན་ནས། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། དེ་དང་ཆབས་ཅིག རང་རྒྱལ་གྱི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་དང་། ལེགས་ཆ་མང་བ། ལྡེམ་ཤུགས་ཆེ་བ། མི་མངོན་པའི་ནུས་པ་ཆེ་བ་བཅས་དང་། དེ་བཞིན་ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་གྱི་མཐུན་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་མེད་པ་ངེས་པར་དུ་མཐོང་ཐུབ་པར་བྱེད་དགོས། གང་ལྟར་གདེང་ཚོད་མི་ཉམས་ཚེ། ཐབས་ཤེས་ནི་དཀའ་ངལ་ལས་མང་བ་ཡོད། ང་ཚོས་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་གདེང་ཚོད་བརྟན་དུ་བཏང་སྟེ། ཕྱོགས་ཁག་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དག་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བསྒྱུར་བར་འབད་བརྩོན་བྱེད་དགོས།
  རྩོམ་ཡིག་ནང་བསྟན་དོན། ལག་ལེན་ཁྲོད་ང་ཚོས་དཔལ་འབྱོར་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་རྒྱུན་ཆད་མེད་པར་གཏོང་དགོས། ཏང་ཡོངས་ཀྱི་གོང་འོག་ཁྲོད་ཆགས་པའི་ཐུན་མོང་གི་ངོས་འཛིན་ཆེ་ཤོས་ནི། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། འགག་རྩའི་དུས་སྐབས་དང་མཚམས་ཚིགས་གལ་ཆེན་གྱི་སྐབས་སུ་ཏང་ཀྲུང་དབྱང་གིས་དུས་ཐོག་ཏུ་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་རླབས་གཤག་མདུན་སྐྱོད་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་བྱ་རྒྱུ་དེ་རེད།
  རྩོམ་ཡིག་ནང་བསྟན་དོན། དཔལ་འབྱོར་ལས་དོན་རྙོག་འཛིང་ཆེ་བས། འབྲེལ་བ་གལ་ཆེན་ཁག་གཅིག་ལ་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱེད་དགོས། གཅིག་ནི་ནུས་ལྡན་གྱི་ཁྲོམ་ར་དང་ནུས་ལྡན་གྱི་སྲིད་གཞུང་གི་འབྲེལ་བར་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱས་ཏེ། “ལྷུག་ཏུ་གཏོང་ཐུབ་པ”བྱེད་དགོས་ལ“དོ་དམ་ཡང་བྱེད་ཐུབ་པའི”དཔལ་འབྱོར་གྱི་སྒྲིག་ལམ་ཆགས་པར་བྱེད་དགོས། སྲིད་གཞུང་གིས་གནད་ཆེ་དམ་འཛིན་དང་གནད་མེད་སོར་འཇོག་བྱས་ཏེ། དགོས་སར་ཆད་པ་དང་དབང་ཚད་ལས་བརྒལ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། སྲིད་གཞུང་གི་བྱ་སྤྱོད་ཇི་ཙམ་ཚད་ལྡན་བྱུང་ན་ཁྲོམ་རའི་ནུས་པ་དེ་ཙམ་གྱིས་ལེགས་པ་ཐོན་ཐུབ། གཉིས་ནི་སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོའི་དབར་གྱི་འབྲེལ་བར་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གང་ལེགས་ཐུབ་པ་བྱེད་དགོས། མཁོ་སྤྲོད་ཕྱོགས་གཉིས་ཀྱིས་མཐུན་སྦྱོར་ཤུགས་འདོན་དང་སྟབས་བསྟུན་དོ་མཉམ་མཐའ་འཁྱོངས་བྱས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་དགོས། ནང་མཁོ་གསབ་པ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་ཞན་ཆ་གང་མགྱོགས་སེལ་ནས། ནང་མཁོ་དེ་དཔལ་འབྱོར་འཕར་བའི་རང་འགུལ་ནུས་པ་དང་བརྟན་པའི་བྱེད་ཐབས་སུ་འགྱུར་བར་བྱེད་དགོས། གསུམ་ནི་འགུལ་ནུས་གསར་པ་སྐྱེད་སྲིང་དང་འགུལ་ནུས་རྙིང་པ་གསར་བརྗེས་ཀྱི་འབྲེལ་བར་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དཔལ་འབྱོར་འཕར་བ་དང་ལས་ཞུགས་ཡོང་འབབ་ཀྱི་གཞི་རྩའི་གཞི་རྟེན་ཡིན་པའི་སྲོལ་རྒྱུན་ཐོན་ལས་ཀྱི་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ། འཕེལ་རྒྱས་ཀྱི་འགུལ་ནུས་གསར་རྙིང་བརྗེ་སྒྱུར་བརྟན་པོ་ཐུབ་པར་སྐུལ་འདེད་རྒྱུན་མཐུད་གཏོང་དགོས། བཞི་ནི་འཕར་ཚད་ལེགས་གཏོང་དང་གསོག་ཐེབས་ཕན་སྒྱུར་གྱི་འབྲེལ་བར་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། གསོག་ཐེབས་ཕན་སྒྱུར་བརྒྱུད་འཕར་ཚད་ལ་སྐུལ་ཁྲིད་བྱེད་མཁས་པོ་དང་། འཕར་ཚད་ལེགས་གཏོང་དང་གསོག་ཐེབས་ཕན་སྒྱུར་དང་། རྒྱུ་ནོར་ལ་དོ་དམ་ཡག་པོ་དང་བུན་ཟུག་ལེགས་སྒྲིག་བཅས་ལ་སྤྱི་འདོམས་བྱས་ནས། འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་དགོས། ལྔ་ནི་སྤུས་ཚད་ལེགས་གཏོང་དང་སྤྱི་འབོར་མང་གཏོང་གི་འབྲེལ་བར་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས། སྤུས་ཚད་ལ་བརྟེན་ནས་རྣམ་པར་རྒྱལ་བ་དང་གཞི་ཁྱོན་གྱི་ཕན་འབྲས་འདོན་པ་གཉིས་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་ལེགས་སུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་གཅིག་གྱུར་ཡོང་བར་བྱེད་དགོས།