ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འཆར་ཟིན་ཚོགས་ཆུང་གི་ཁོངས་མིས་གསུངས་དོན། སྙན་སྒྲོན་གྱི་འཆར་ཟིན་ནི་སྤྱི་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས་སྲིད་ཇུས་རྒྱུན་ཆད་མེད་པར་ཞིབ་ཕྲ་དང་དངོས་ཡོད་ཅན་དུ་སྒྱུར་བའི་བརྒྱུད་རིམ་ཞིག་རེད།

སྤེལ་དུས 2025-03-10 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་བཏོན་པའི“ཀྲུང་གོའི་དཔལ་འབྱོར་གྱི་གྲལ་སྒོར་གྲོས་ཚོགས”སྨྱན་སྦྱོར་ཡོངས་ཀྱི་འདྲི་གླེང་ལེ་ཚན་ཆེ་གྲས་ཐོག སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འཆར་ཟིན་ཚོགས་ཆུང་གི་ཁོངས་མི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་ཕྱོགས་བསྡུས་སི་དང་པོའི་སི་ཀྲང་གཞོན་པ་ཧོང་ལེང་ཧའོ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་མཉམ་སྡེབ་བློ་གྲོས་ཀྱི་འབྲས་བུ་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གང་ལེགས་མཚོན་པ་དང་། མང་ཚོགས་ཀྱི་རེ་སྒུག་དང་། སྤྱི་ཚོགས་ཀྱི་དོ་ཁུར། ཕྱོགས་ཁག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་བཅས་གང་ལེགས་མཚོན་ཡོད་ཅེས་གསུངས།

            ཧོང་ལེང་ཧའོ་ཡིས་ངོ་སྤྲོད་གནང་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འཆར་ཟིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་གྲོས་ཞིབ་སྙན་སྒྲོན་གཙོ་སྐྱོང་གནང་ནས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་བླང་བྱ་ཁ་གསལ་བཏོན་གནང་སྟེ། འཆར་ཟིན་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

            ན་ནིང་གི་ཟླ་10པ་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་འཆར་ཟིན་འགོད་པའི་ལས་དོན་འགོ་ཚུགས་པ་དང་། དུས་འགོའི་བརྟག་ཞིབ་དང་། འཆར་ཟིན་བཟོ་བཅོས། བསམ་འཆར་བསྡུ་ལེན་བཅས་བྱས་ནས་གྲོས་ཞིབ་ཕུལ་བ་བརྒྱུད། ཞིབ་འཇུག་དང་། རིགས་པས་ཁུངས་སྐྱེལ། ཞིབ་དཔྱོད་བཅས་ཡང་ཡང་བྱས་པ་རེད། སྙན་སྒྲོན་མ་ཟིན་གྲུབ་རྗེས། གོ་རིམ་ལྟར་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ལ་བཀྲམ་ནས་བསམ་འཆར་བསྡུ་ལེན་བྱས་པ་དང་། ཁྱོན་མ་ཟིན་4000ཙམ་བཀྲམ་བསྡུ་བྱས་ཤིང་། དེའི་ཁྲོད་ནས་བསམ་འཆར་དང་གྲོས་འགོ་1000ལྷག་ཙམ་གསེད་བཀྲོལ་བྱས་ཡོད། གཞན་ཡང་རྒྱ་ཆེའི་དྲ་དམངས་ཀྱིས་ཀྲུང་གོ་སྲིད་གཞུང་དྲ་བ་སོགས་ཀྱི་སྟེགས་བུ་སྤྱད་དེ་བསམ་འཆར་དང་གྲོས་འགོ་ཁྲི་200ལྷག་ཙམ་བཏོན་པ་དང་འཆར་ཟིན་ཚོགས་ཆུང་གིས་དེའི་ཁྲོད་ནས་མཚོན་བྱེད་རང་བཞིན་གྱི་གྲོས་འགོ་2000ལྷག་ཙམ་བདམས་ནས་དོན་ཚན་རེ་རེ་བཞིན་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱས་ཡོད།


རྩོམ་སྒྲིག་པ། རིག་གྲོལ།