ཞི་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ཐུང་དང་མཇལ་འཕྲད་གནང་བ།
སྤེལ་དུས 2025-06-06
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་4ཉིན་གྱི་སྔ་དྲོ་ཀྲུང་ནན་ཧའེ་རུ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁེ་ཧྲེན་ཁོ་དང་མཇལ་འཕྲད་གནང་ཡོད།
ཞི་ཅིན་ཕིང་གིས་ལུའུ་ཁེ་ཧྲེན་ཁོས་ཙུང་ཐུང་གི་འགན་གནས་བསྟུད་བཞེས་ཐུབ་པར་སླར་ཡང་རྟེན་འབྲེལ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྷེ་ཨུ་རུ་སུ་ནི་གྲོགས་པོ་ངོ་མ་དང་རོགས་ཟླ་བཟང་པོ་ཞིག་རེད། ཕྱོགས་གཉིས་པོ་ཕན་ཚུན་སྔ་ནས་ད་བར་ལྷག་བསམ་རྣམ་དག་དང་། ཡིད་རྟོན་འགྲོ་འོང་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཡུན་རིང་ཞིང་བརྟན་པ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྲ་ཞིང་བརྟན་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ཁྱོན་ཡོངས་ནས་ལག་བསྟར་བྱེད་བཞིན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་བསམ་བློ་གཏོང་བའི་མིག་རྒྱང་ཐོག་ནས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་དེ་གོང་འཕེལ་གཏོང་བཞིན་ཡོད་ལ། བྷེ་ཨུ་རུ་སུ་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་གཉིས་ཕན་མཉམ་ལས་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་གཞོགས་འདེགས་སྔར་བས་ཟབ་ཏུ་གཏོང་བ་དང་། བཙན་དབང་དང་བཙན་ཤེད། ཧམ་ཤེད་བཅས་ལ་ཐུན་མོང་ཐོག་ངོ་རྒོལ་བྱས་ནས། རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་གནང་ཡོད།
ལུའུ་ཁེ་ཧྲེན་ཁོས། འདི་ནི་ང་རང་ནས་ཀྲུང་གོར་འཚམས་འདྲིར་སྐྱོད་ཐེངས་15པ་དེ་ཡིན། འཚམས་འདྲི་ཞུ་ཐེངས་ཚང་མའི་ནང་ཀྲུང་གོ་ཕྱོགས་ཀྱི་བརྩེ་བ་ཟབ་མོ་ཚོར་བྱུང་། བྷེ་ཨུ་རུ་སུ་ཕྱོགས་ནས་ཀྲུང་གོས་ཡུན་རིང་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོར་ཚད་མཐོའི་ཡིད་ཆེས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་བཏང་ནས། ཀྲུང་གོའི་དབར་གྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། རྒྱལ་སྤྱིའི་བྱ་དོན་ཁྲོད། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་རྐྱང་པའི་རིང་ལུགས་དང་བཀག་སྡོམ་གནོན་ཤུགས་སྤྲོད་པར་ངོ་རྒོལ་བྱས་ནས། འཛམ་གླིང་ལ་མིག་དཔེ་བཟང་པོ་ཞིག་བཏོད་ཡོད། བྷེ་ཨུ་རུ་སུའི་ཕྱོགས་ནས་དེར་བརྩི་བཀུར་དང་ཡིད་རངས་ཆེན་པོ་ཞུ་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་ལྷན་དུ་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་མཉམ་དུ་སྲུང་སྐྱོང་བྱ་འདོད་ཡོད་ཅེས་བསྟན་ཡོད།
ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།