ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཧོང་ཞུན་ཚའེ་དང་མཇལ་འཕྲད་གནང་བ།

སྤེལ་དུས 2025-06-25 ཡོང་ཁུངས། རྩོམ་པ་པོ།
     ཟླ་6པའི་ཚེས་24ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་དང་མཇལ་འཕྲད་གནང་ཡོད།
     ཞི་ཅིན་ཕིང་གིས་ཧོང་ཞུན་ཚའེ་ཡིས་འགན་གནས་བསྟུད་འཛིན་གནང་བར་བཀྲ་ཤིས་རྟེན་འབྲེལ་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་སིང་ཀ་ཕོར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བའི་ལོ་རེད། ཕྱོགས་གཉིས་པོས་སྔ་བར་ཕྱི་གསུམ་དུ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག་བྱས་ཏེ། ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བའི་ཆེད་དུ་སྲ་ཞིང་བརྟན་པའི་འགན་སྲུང་བྱས་ཡོད། ཀྲུང་གོ་དང་སིང་ཀ་ཕོར་གྱི་མཉམ་ལས་དེ་ནི་ཀྲུང་གོའི་དུས་མཚམས་ཁག་གི་གོང་འཕེལ་གྱི་ཁ་ཕྱོགས་དང་གཙོ་གནད་དང་མཐུན་ཡོད། སུའུ་ཀྲོའུ་བཟོ་ལས་གླིང་སོགས་པའི་ལྗིད་ཏིག་ཏིག་གི་མཉམ་ལས་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད་ཅིང་། རྒྱལ་ཁབ་གཉིས་པོ་རང་སོ་སོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ཆེད་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད་ལ། ས་ཁུལ་རྒྱལ་ཁབ་ཀྱི་མཉམ་ལས་ཆེད་དཔེ་མཚོན་མཁོ་འདོན་བྱས་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གྱི་བརྒྱུད་རིམ་ཁྲོད་ནས་ཉམས་མྱོང་དང་བློ་གྲོས་བསྡུ་ལེན་གང་ལེགས་བྱེད་པ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བརྒྱུད། ཀྲུང་གོ་དང་སིང་ཀ་ཕོར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་འབྲེལ་བ་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་པ་དང་། གཡུར་ཟའི་འབྲས་བུ་སྨིན་ཐུབ་པར་བྱ་དགོས་ཞེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས། ཀྲུང་གོ་དང་སིང་ཀ་ཕོར་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་གང་ལེགས་བྱེད་པ་དང་། སྔ་ཕྱི་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་དམིགས་ནས་ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་གོང་འཕེལ་བཏང་ནས། མདུན་སྐྱོད་ཀྱི་ཁ་ཕྱོགས་མི་ནོར་བ་དང་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆུང་དུ་མི་འགྲོ་བའི་འགན་ལེན་བྱ་དགོས། ཀྲུང་གོ་དང་སིང་ཀ་ཕོར་གྱི་མཛའ་ཞིང་མཐུན་པའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་རྒྱབ་སྐྱོར་བྱེད་པ། ཆུ་ཚད་དེ་བས་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ཞབས་འདེགས་ཞུ་དགོས། སིང་ཀ་ཕོར་གྱིས་མུ་མཐུད་ནས་ཀྲུང་གོའི་གོང་འཕེལ་ཁྲོད་གཏིང་ཟབ་ཞུགས་རྒྱུར་ཀྲུང་གོས་དགའ་བསུ་ཞུ་རྒྱུ་དང་། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ནང་གཏིང་ཟབ་ཞུགས་པ། གྲངས་འཛིན་དཔལ་འབྱོར་དང་། སྦགས་མེད་གོང་འཕེལ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ནང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཏོད་པ། རྣམ་གྲངས་གལ་ཆེན་སྤུས་ཚད་ལེགས་གཏོང་དང་རིམ་པ་མཐོར་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། སྤུས་མཐོའི་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་ནས་རྩོམ་དགོས། རྒྱལ་ཁབ་གཉིས་པོའི་མི་དམངས་རྒྱུན་དུ་འགྲོ་འོང་མང་ཙམ་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བརྒྱུད། ཀྲུང་གོ་དང་སིང་ཀ་ཕོར་གྱི་མཛའ་གྲོགས་དེ་བས་མི་སེམས་ལ་གཏིང་ཟབ་ཟུག་པར་བྱ་དགོས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ནི་ལྡོག་ཏུ་མེད་པ་ཞིག་ཡིན་པ་དང་། འཛམ་གླིང་འདིས་བཙན་དབང་རིང་ལུགས་སླར་ཡང་ལག་ཏུ་ལེན་མི་རུང་ལ། ཤུགས་ཆེ་ཆུང་ལ་གཞིགས་ནས་དབང་ཡོད་ཐུབ་ཚོད་ཤོད་པའི་ལམ་དུ་དེ་བས་ཀྱང་ལོག་མི་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད།  ཀྲུང་གོས་སིང་ཀ་ཕོར་དང་ལྷན་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་སུ་ལངས་བ་དང་། བཏང་སྙོམས་དྲང་བདེན་གྱི་ཕྱོགས་སུ་ལངས་ནས། འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་འཛུགས་རྒྱུར་མཉམ་དུ་སྐུལ་སྤེལ་བྱས་ཏེ། འཛམ་གླིང་འདི་ཉིད་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་ཟེར་སྟོང་ལྡན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
     ཧོང་ཞུན་ཚའེ་ཡིས། སིང་ཀ་ཕོར་དང་ཀྲུང་གོའི་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་བ་དང་། སྔ་བར་ཕྱི་གསུམ་དུ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་གོང་འཕེལ་འགྲོ་བཞིན་ཡོད་ལ་མཉམ་ལས་ཀྱང་དམ་ཟབ་ཡིན། སིང་ཀ་ཕོར་གྱི་སྐབས་རིམ་བྱུང་གི་འགོ་ཁྲིད་ནས་ཀྱང་ཀྲུང་གོའི་དབར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ནི་ང་རང་འགན་གནས་བསྟུད་འཛིན་བྱས་པའི་རྗེས་འཚམས་འདྲིར་བསྐྱོད་པའི་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་ཕུད་པའི་འཚམས་འདྲིར་བསྐྱོད་སའི་རྒྱལ་ཁབ་དང་པོ་དེ་ཡིན། སིང་ཀ་ཕོར་གྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་ནས་རྒྱུན་འཁྱོངས་བྱ་རྒྱུ་དང་ཐའེ་ཝན་རང་བཙན་ཟེར་བར་ངོ་རྒོལ་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་བའི་མཚམས་འདིར་སིང་ཀ་ཕོར་གྱིས་ཀྲུང་གོའི་དར་རྒྱས་གོང་འཕེལ་ལས་བྱུང་བའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ། ཕྱོགས་གཉིས་ཉོ་ཚོང་དང་མ་འཇོག་གི་གཞི་ཁྱོན་རྒྱ་ཆེ་རུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། ནུས་ཁུངས་གསར་པ་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་རྒྱ་སྐྱེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་སིང་ཀ་ཕོར་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། སིང་ཀ་ཕོར་གྱིས་ཀྲུང་གོའི་དབར་ས་ཁོངས་དང་ཕྱོགས་མང་སྟེགས་བུའི་མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོང་བྱ་འདོད་ཡོད། ཀྲུང་གོས་འཛམ་གླིང་གི་ཞི་བདེའི་ཆེད་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད།
     ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།