ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ་ཟླ་7ཚེས་14ཉིན་ནས་ཚེས་15ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་ཡོད།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས་དུས་རབས་གསར་པ་ཤར་ཚུན་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ཕྱོགས་བསྡོམས་གནང་བ་དང་། གྲོང་ཁྱེར་ལས་དོན་ཐད་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གནང་ཞིང་། གྲོང་ཁྱེར་ལས་དོན་ལེགས་པར་སྒྲུབ་པའི་སྤྱིའི་བླང་བྱ་དང་། རྩ་དོན་གལ་ཆེན། གཙོ་གནད་ལས་འགན་བཅས་ཁ་གསལ་བཟོས་གནང་ཡོད། ལི་ཆང་གིས་ཕྱོགས་བསྡོམས་གསུང་བཤད་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་གྲོང་ཁྱེར་ལས་དོན་སྔར་བས་ལེགས་པར་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།
ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཐོག ཏང་གིས་གྲོང་ཁྱེར་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་དང་མི་དམངས་གྲོང་ཁྱེར་གྱིས་མི་དམངས་ཀྱི་ཆེད་དུ་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་དེ་སྐྱེ་ལྡན་ཚེ་སྲོག་མ་ལག་ཅིག་ལ་བརྩིས་ནས་གོ་རིམ་ལྡན་པའི་ངང་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་འགྱུར་བའི་ཆུ་ཚད་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་ནུས་རིམ། འཆར་འགོད་འཛུགས་སྐྲུན་དང་བཅོས་སྐྱོང་ཆུ་ཚད། ལས་སྒྲུབ་དང་འཚོ་གནས་ལ་འཚམ་པའི་ཆུ་ཚད། ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཆུ་ཚད། འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་བཅས་ཆེས་ཆེར་མཐོ་རུ་ཕྱིན་ཡོད་ཅེས་བསྟན་ཡོད།
ཚོགས་འདུའི་ཐོག མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་གྲོང་ཁྱེར་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར། ཏང་གི་ཁྱོན་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་ནན་ཏན་བསྟར་བ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་རྣམ་པ་མཐའ་འཁྱོངས། རང་སོའི་དོན་དངོས་དང་བསྟུན་ནས་དོ་དམ་དང་རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཐོག གསར་གཏོད་དང་། འཚོ་སྡོད་ལ་འཚམ་པ། མཛེས་སྡུག་ལྡན་པ། ལྡེམ་ཤུགས་ལྡན་པ། ཤེས་དཔལ་ལྡན་པ། བློ་གྲོས་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དེ་དམིགས་འབེན་དུ་བྱེད་པ་དང་། གྲོང་ཁྱེར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་གཙོ་བོར་བྱེད་པ། གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་གོང་འཕེལ་མཐའ་འཁྱོངས་བྱ་རྒྱུ་དེ་གཙོ་ཐིག་ཏུ་བཟུང་བ། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་གལ་ཆེའི་གཞི་འཛིན་སར་བྱེད་པ་བཅས་ཀྱི་ཐོག་ནས། གྲོང་ཁྱེར་གྱི་གྲུབ་གཞི་ལེགས་གཏོང་དང་། སྒུལ་ནུས་བརྗེ་སྒྱུར། སྤུས་ཚད་མཐོར་གཏོང་། འབྱུང་འཕྲོད་བརྗེ་སྒྱུར། རིག་གནས་རྒྱུན་འཛིན། བཅོས་སྐྱོང་གི་ཕན་འབྲས་ཆེར་གཏོང་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲོང་ཁྱེར་གྱི་བདེ་འཇགས་མཐའ་ཐིག་བརྟན་སྲུང་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པ་ཞིག་གཏོད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དེ་ཉིད་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་བསྒྱུར་བཞིན་ཡོད་པ་དང་། གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུ་དེ་གཞི་ཁྱོན་ཆེན་པོས་འཕར་སྣོན་དང་རྒྱ་སྐྱེད་པའི་དུས་མཚམས་ནས་གསོག་འབོར་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གཙོ་བོར་བྱེད་པའི་དུས་མཚམས་སུ་བསྒྱུར་བཞིན་ཡོད། གྲོང་ཁྱེར་ལས་དོན་སྤེལ་སྐབས་དུས་བབ་ཀྱི་འགྱུར་ལྡོག་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་རང་འགུལ་ངང་དེ་དང་བསྟུན་དགོས་ཤིང་། གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་འདུ་ཤེས་བསྒྱུར་ནས་མི་རྩ་བར་འཛིན་རྒྱུར་མཐོང་ཆེན་དང་། གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་ལེགས་བསྡུས་ཞིབ་གཉེར་དང་ཕན་ནུས་ཆེ་རུ་གཏོང་རྒྱུར་སྔར་བས་མཐོང་ཆེན། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྒྱུར་ནས་ཁྱད་ལྡན་འཕེལ་རྒྱས་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱེད་པ། གྲོང་ཁྱེར་ལས་དོན་གྱི་གཙོ་གནད་བསྒྱུར་ནས་བཅོས་སྐྱོང་ནང་ཞུགས་རྒྱུར་སྔར་བས་མཐོང་ཆེན། གྲོང་ཁྱེར་ལས་དོན་གྱི་བྱེད་ཐབས་བསྒྱུར་ནས་གཅིག་གྱུར་འཆར་འགོད་ཀྱི་མཐུན་སྦྱོར་ལ་སྔར་བས་མཐོང་ཆེན་བཅས་བྱེད་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག་གྲོང་ཁྱེར་ལས་དོན་གྱི་ཕྱོགས་7གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཡོད་པ་སྟེ། གཅིག་ནི་དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་ལེགས་སྒྱུར་གང་ཐུབ་བྱ་དགོས། གྲོང་ཁྱེར་གྱིས་མི་འབོར་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་རྒྱུར་དམིགས་ནས། ཚོགས་སྒྲིག་རྣམ་པ་དང་དྲ་མིག་ཅན་གྱི་དེང་རབས་ཅན་གྱི་གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཚོམས་འཕེལ་རྒྱས་གཏོང་བ་དང་། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་རིགས་དབྱེ་སྐུལ་འདེད་གཏོང་བ། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་དང་གྲོང་རྡལ་ཆུང་གྲས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། གཉིས་ནི་གསོན་ཤུགས་ཀྱིས་ཕྱུག་པའི་གསར་གཏོད་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གསར་གཏོད་འབྱུང་ཁམས་ཞིབ་ཚགས་ངང་སྐྱེད་སྲིང་བྱས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཐད་རྒྱུན་ཆད་མེད་པར་འགག་གཏོར་ཡོང་བ་བྱ་དགོས་པ་དང་། བསྒྱུར་བཅོས་སྒོ་དབྱེར་བརྟེན་ནས་གྲོང་ཁྱེར་གྱི་སྒུལ་ནུས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱི་ཁྲོད་གྲོང་ཁྱེར་གྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། གསུམ་ནི་སྐྱིད་སྣང་དོད་ལ་སྟབས་བདེ་བའི་འཚོ་སྡོད་ལ་འཚམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་འབོར་དང་ཐོན་ལས། གྲོང་ཁྱེར་དང་གྲོང་རྡལ། འགྲིམ་འགྲུལ་བཅས་གཞི་གཅིག་ཅན་གྱི་འཆར་འགོད་རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་གྱི་བར་ཁམས་གྲུབ་ཆ་ལེགས་སུ་གཏོང་བ་དང་། ས་ཁང་བདག་ཁོངས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་མགྱོགས་མྱུར་བཏོད་ནས་གྲོང་ཁྱེར་ནང་གི་གྲོང་ཚོ་དང་ཉེན་ཡོད་ཁང་པ་དང་སྡོད་ཁང་རྙིང་པ་སྒྱུར་བཀོད་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ནས། དམངས་འཚོའི་མཐའ་ཐིག་བརྟན་པོ་སྲུང་དགོས། བཞི་ནི་ལྗང་མདོག་ཐཱན་ཉུང་གི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་བརྟན་དུ་གཏོང་བ་དང་། དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་གྲོང་ཁྱེར་གྱི་མཁའ་རླུང་བཅོས་སྐྱོང་དང་། འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོབ། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་ལ་སོགས་པའི་གནད་དོན་ཐག་གཅོད་དང་། སྦགས་བཙོག་ཉུང་གཏོང་དང་། ཐཱན་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། མཐུན་སྦྱོར་ངང་ཕན་འབྲས་ཆེར་གཏོང་བཅས་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེ་རུ་གཏོང་དགོས། ལྔ་ནི་བདེ་འཇགས་དང་བློས་འགེལ་ཆོག་པའི་ལྡེམ་ཤུགས་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྲོག་ཐིག་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གློག་སྐུད་དང་ལྕགས་མདོང་རྙིང་པ་བསྒྱུར་བཀོད་རིམ་སྤོར་བྱེད་ཤུགས་མགྱོགས་སུ་གཏོང་བ། རིམ་འདས་ཐོག་བརྩེགས་ཀྱི་འཛུགས་སྐྲུན་ལ་ཚོད་འཛིན་ནན་པོ་བྱས་ནས་ཁང་པའི་བདེ་འཇགས་འགན་ལེན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། གྲོང་ཁྱེར་གྱི་རང་བྱུང་གནོད་འཚེ་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་འབྲུབ་འགོག་མ་ལག་དང་འཁྱིལ་ཆུའི་གནོད་སྐྱོན་སེལ་བར་གཅིག་གྱུར་འཆར་འགོད་བྱེད་པ། སྤྱི་ཚོགས་ཀྱི་བདེ་འཇགས་སྤྱི་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱ་ཤུགས་ཆེ་རུ་གཏོང་བ་བཅས་ཀྱིས། གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་དགོས། དྲུག་ནི་བཟང་བཀུར་དགེ་ཞེན་གྱི་ཤེས་དཔལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་རྣམ་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཤེས་རིག་གི་འཕེལ་རྒྱུན་དང་། མི་ཆོས་རིག་གནས་དང་ས་ཁམས། རང་བྱུང་ཡུལ་ལྗོངས་བཅས་ལ་སྲུང་སྐྱོང་བྱ་དགོས། གྲོང་ཁྱེར་གྱི་རིག་གནས་ཀྱི་མཉེན་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་མིའི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་དགོས། བདུན་ནི་སྟབས་བདེ་ནུས་ཆེའི་རིག་ནུས་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རྒྱུན་འཁྱོངས་དང་། ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་རྒྱུན་འཁྱོངས། གྲོང་ཁྱེར་བཅོས་སྐྱོང་གི་འདུ་ཤེས་དང་། རྣམ་པ། བྱ་ཐབས་བཅས་གསར་གཏོད། གྲོང་མིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་ལམ་སྲོལ་བེད་སྤྱོད་ཡག་པོ་བཅས་བྱས་ཏེ། མང་ཚོགས་ཀྱི་ཛ་དྲག་ལ་དཀལ་ངལ་ཆེ་བ་དང་སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡང་དག་བྱེད་དགོས་པ་བཅས་ཡིན་པ་རེད།
ཚོགས་འདུའི་ཐོག དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཏང་གིས་གྲོང་ཁྱེར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། འགོ་ཁྲིད་སྒྲིག་གཞི་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་སྲིད་ཇུས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ། ཕྱོགས་ཁག་གི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྲིད་སྐྱོང་བྱས་རྗེས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཚན་རིག་དང་མཐུན་པའི་གྲོང་ཁྱེར་གོང་འཕེལ་གྱི་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་ལས་དོན་དཔུང་ཁག་གི་བྱང་ཚད་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་གཏོད་དང་འགན་འཁུར་བྱ་སྤྱོད་སྤེལ་རྒྱུར་སྐུལ་མ་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་བདེན་འཚོལ་དངོས་གཉེར་མཐའ་འཁྱོངས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུ་དེ་སུ་ཡི་ཆེད་དུ་ཡིན་པ་དང་། སུ་ལ་བརྟེན་དགོས་པ། དེ་བཞིན་གྲོང་ཁྱེར་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་གྲོང་ཁྱེར་ཇི་ལྟར་འཛུགས་སྐྲུན་བྱེད་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རྣམས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་གནང་ཡོད་ཅིང་། དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་གྲོང་ཁྱེར་ལས་དོན་ལེགས་པར་བསྒྲུབ་རྒྱུར་རྩ་བའི་བརྩི་སྲུང་ཞུ་ཡུལ་མཁོ་འདོན་གནང་ཡོད་པས། ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ་དང་། ཆད་ལུས་མེད་པར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། རང་རྒྱལ་གྱི་གྲོང་ཁྱེར་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། མཐོང་རྒྱ་སྔར་ལས་ཡངས་པའི་ངང་གྲོང་ཁྱེར་ལས་དོན་ཡག་པོ་བསྒྲུབ་དགོས། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ངེས་གནས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རང་རྟོགས་ངང་ལག་ལེན་བསྟར་དགོས། གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཁ་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། དེ་བས་དམིགས་སའི་རང་བཞིན་ལྡན་པའི་ངང་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། བསྒྱུར་བཅོས་ལས་དོན་ལེགས་པར་བསྒྲུབ་དགོས། གྲོང་ཁྱེར་ལས་དོན་གྱི་མ་ལག་རང་བཞིན་དང་རྙོག་འཛིང་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། ལས་འགན་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཞེས་བསྟན་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད།
ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་གྲོང་ཁྱེར་ལས་དོན་ཐད་ཀྱི་འགན་འཁུར་བློ་མཐུན། འཆར་གཞི་ལོགས་བཀོད་གྲོང་ཁྱེར་དང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར། འབྲེལ་ཡོད་ས་ཁུལ་རིམ་པའི་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་མི་དམངས་ཚོགས་པ་དང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས། མཐོ་སློབ་བཅས་ཁག་གཅིག ཀྲུང་དབྱང་དམག་དོན་ཨུ་ལྷན་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད།