ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

《བདེན་འཚོལ》དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཞིག་སྤེལ་བ།

སྤེལ་དུས 2025-09-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན རྩོམ་པ་པོ།
     ཟླ་9ཚེས་16ཉིན་དཔེ་སྐྲུན་བྱས་པའི་《བདེན་འཚོལ》དུས་དེབ་འདོན་ཐེངས་18པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་《རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས》ཞེས་པ་སྤེལ་ཡོད།
     རྩོམ་ཡིག་ནང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་བྱེད་པ་ནི་ཏང་ཀྲུང་དབྱང་གིས་གནང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡིན་པ་མ་ཟད། རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་པའི་དགོས་མཁོ་ཞིག་ཀྱང་ཡིན། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པ་ཡིན་པའི་ངོས་ནས། ངེས་པར་དུ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་ཡག་པོ་བྱས་ཏེ། ང་ཚོས་བག་ཕེབས་ངང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་གདིང་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
     རྩོམ་ཡིག་ནང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བར་གཞི་རྩའི་བླང་བྱ་ནི“གཅིག་གྱུར་ལྔ་དང་། སྒོ་དབྱེ་གཅིག”ཡིན། “གཅིག་གྱུར་ལྔ”ནི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་གཅིག་གྱུར་བྱེད་པ་དང་། ལྷག་པར་དུ་ཐོན་དབང་སྲུང་སྐྱོང་དང་། དྲང་གཞག་འགྲན་རྩོད། སྤུས་ཚད་དང་ཚད་གཞི་སོགས་ཀྱི་ལམ་ལུགས་གཅིག་གྱུར་ཡོང་བ་བྱེད་པ་དང་། ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་བྱས་ཏེ། ཟོག་འགྲེམས་དང་། མ་དངུལ་འཁོར་རྒྱུག ཆ་འཕྲིན་འཁོར་རྒྱུག་བཅས་ཡག་པོ་ཡོང་བ་བྱས་ནས། དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་དགོས། སྲིད་གཞུང་ཚད་གཞིར་འཛིན་རྒྱུ་གཅིག་གྱུར་བྱེད་པ་དང་། ས་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་ལྷག་པར་དུ་ཚོང་འགུགས་མ་འདྲེན་ལ་སྐུལ་འདེད་གཏོང་སྐབས། གང་དག་སྒྲུབ་ཆོག་པ་དང་གང་དག་སྒྲུབ་མི་ཆོག་པའི་ཐད་སྒྲིག་སྲོལ་ཁ་གསལ་ཡོད་པ་ལས། གང་འདོད་ལྟར་སྒྲུབ་མི་རུང་། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་གཅིག་གྱུར་ཡོང་བ་བྱེད་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་སྲིད་འཛིན་ཆད་གཅོད་ཀྱི་ཚད་གཞི་ཁ་གསལ་བཟོས་ཏེ། ཚད་གཞི་གཅིག་གིས་ཚད་འཇལ་བྱེད་དགོས། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཀྱི་ཁྲོམ་ར་གཅིག་གྱུར་ཡོང་བ་བྱེད་པ་དང་། རང་མོས་འཁོར་རྒྱུག་དང་ནུས་ཆེའི་བཀོད་སྒྲིག་ལ་སྐུལ་འདེད་བཏང་སྟེ། ཐོན་ཁུངས་བཀོད་སྒྲིག་ནོར་འཁྲུལ་དང་བེད་མེད་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་པ་བཅས་ཡིན། “སྒོ་དབྱེ་གཅིག”ནི་སྒོ་དབྱེ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་ནས། ཕྱི་ནང་གཉིས་ཀ་སྒོ་དབྱེ་འབྲེལ་མཐུད་ཐུབ་པ་བྱེད་པ་ལས་བཀག་སྡོམ་འཁོར་སྐྱོད་བྱེད་མི་རུང་བ་དེ་ཡིན་ཞེས་བསྟན་ཡོད།
     རྩོམ་ཡིག་ནང་། གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་སེམས་ཐག་གཙང་བཅད་ཀྱིས་དཀའ་གནད་དེ་དག་མེད་པ་བཟོ་དགོས། གཅིག་ནི་ཁེ་ལས་ཀྱི་རིན་གོང་དམའ་ཞིང་གོ་རིམ་མེད་པའི་འགྲན་རྩོད་ཀྱི་ཟང་ཟིང་རྣམ་པ་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་བྱེད་དགོས། “ནང་འདྲིལ”བྱེད་གནས་ཚབས་ཆེ་སར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བཅོས་སྒྲིག་ནུས་ལྡན་བྱེད་དགོས། ལས་རིགས་མཐུན་ཚོགས་ཀྱི་རང་གཅུན་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱས་ཏེ། ཁེ་ལས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། རྗེས་ལུས་ཐེབས་པའི་ཐོན་ནུས་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནི་སྲིད་གཞུང་གི་ཉོ་སྒྲུབ་དང་སུས་འཇོན་དེ་འགུག་གི་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་བྱེད་དགོས། གཙོ་གནད་ཐོག་རིན་གོང་དམའ་ཤོས་ཀྱི་འོས་ཐོན་བྱུང་བ་དང་། སྤུས་ཞན་གྱིས་སྤུས་ལེགས་ཀྱི་ཚབ་བྱེད་པ། ཁེ་ཕན་ངན་འབྲེལ་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་དགོས། སྲིད་གཞུང་གི་ཉོ་སྒྲུབ་དང་སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་གྱི་ལས་དོན་ཚད་ལྡན་དུ་བཏང་ནས། འོས་ཐོན་མཇུག་འབྲས་ལ་དྲང་གཞག་སྒོ་ནས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནི་ས་གནས་ཀྱི་ཚོང་འགུག་མ་འདྲེན་གྱི་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ས་གནས་ཀྱི་ཚོང་འགུག་མ་འདྲེན་གྱི་བྱ་སྤྱོད་གསལ་ཐོ་བཟོ་བ་དང་། སྐུལ་ལྕག་དང་བཀག་འགོག་གི་ཞིབ་ཕྲའི་བྱ་སྤྱོད་ཁ་གསལ་བཟོ་དགོས། ཚོང་འགུག་མ་འདྲེན་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནི་ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱེད་དགོས། ཕྱིར་གཏོང་དེ་ཉིད་རྒྱལ་ནང་དུ་བྲིན་ཚོང་བྱེད་པར་བསྒྱུར་བའི་ཐབས་ལམ་ཤར་གཏོང་ཐུབ་པ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཚད་གཞིའི་གཅིག་གྱུར་རང་བཞིན་མཐོ་རུ་གཏོང་བ། ཕྱི་ནང་ཉོ་ཚོང་གི་སྤུས་ལེགས་ཁེ་ལས་ཁག་གཅིག་གསོ་སྐྱོང་བྱེད་དགོས། ལྔ་ནི་ཁྲིམས་སྲོལ་ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བྱ་རྒྱུར་དམ་འཛིན་བྱེད་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་དགོས། ཁྲོམ་ར་གཅིག་གྱུར་ཡོང་བར་ཕན་ཐོགས་ཡོད་པའི་ནོར་ཁྲལ་སྒྲིག་སྲོལ་དང་བསྡོམས་རྩིས་ཞིབ་རྩིས་ལམ་ལུགས། ཡིད་རྟོན་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས། དྲུག་ནི་སྲིད་སྐྱོང་བྱས་རྗེས་ལྟ་བའི་ནོར་འཛོལ་ཡོ་བསྲང་བྱ་རྒྱུར་དམ་འཛིན་བྱེད་དགོས། སྤུས་མཐོའི་གོང་འཕེལ་གྱི་དཔྱད་ཞིབ་མ་ལག་དང་ལས་བྱེད་པའི་སྲིད་སྐྱོང་བྱས་རྗེས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས་པ་བཅས་ཡིན་ཞེས་བསྟན་ཡོད།
     རྩོམ་ཡིག་ནང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་བྱེད་པ་ནི་འགག་གཏོར་དམག་འཐབ་ཅིག་ཡིན་ལ་ཡུན་རིང་དམག་འཐབ་ཅིག་ཀྱང་ཡིན་པས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་དང་གནས་བབ་ཧྲིལ་པོའི་མཐོ་ཚད་ཐོག་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་དང་ས་གནས་དང་། ས་གནས་དང་ས་གནས། སྲིད་གཞུང་དང་ཁེ་ལས། ཁེ་ལས་དང་ཁེ་ལས་བཅས་ཚང་མས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་སྐུལ་འདེད་ཀྱི་མཉམ་ཤུགས་ཆགས་པ་བྱེད་དགོས་ཞེས་ནན་སྟོན་བྱས་འདུག