ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

སྤེལ་དུས 2025-10-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
(སྤྱི་ལོ་2025ལོའི་ཟླ་10ཚེས་23ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ།)
  ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་སྤྱི་ལོ་2025ལོའི་ཟླ་10ཚེས་20ཉིན་ནས་23ཉིན་བར་པེ་ཅིང་དུ་འཚོགས་པ་རེད།
  ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་ཨུ་ཡོན་168དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་147ཡོད་པ་རེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་རིགས་གཅིག་མཁས་པ་དང་རིག་གནས་པ་ཁག་གཅིག་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད།
  ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུར་གསན་པ་དང་གྲོས་བསྡུར་བྱས་པ་དང་། 《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་འགོ》ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། ཞི་ཅིན་ཕིང་གིས《གྲོས་འགོའི(གྲོས་བསྡུར་མ་ཟིན།)》སྐོར་ལ་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།
  ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་ཐོག་ནས་ལག་བསྟར། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད། གོམ་གང་མདུན་སྤོས་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྱོང་ལ་སྐུལ་འདེད། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་ཤུགས་སྣོན། དམངས་འཚོ་འགན་སྲུང་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཏན་ཏིག་ངང་དམ་འཛིན། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན། ཤང་ཀང་དང་ཨའོ་མོན་གྱི་ལས་དོན་དང་ཐའེ་ཝན་གྱི་ལས་དོན་ལེགས་པོ་སྒྲུབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་ཕྱོགས་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་གཙོ་བོ་ཁག་རྒྱལ་ཁའི་ངང་ལེགས་སྒྲུབ་ཐུབ་རྒྱུ་ཡིན་པ་དང་། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པས། མི་རིགས་ཀྱི་སྙིང་སྟོབས་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྡུད་ཐུབ་པའི་ངོས་འཛིན་བྱས་འདུག
  ཚང་འཛོམས་གྲོས་ཚོགས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་སུ་རང་རྒྱལ་གྱི་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་མཐོ་པོ་བྱས་པ་སྟེ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་རང་རྒྱལ་གྱི་གོང་འཕེལ་དུས་རིམ་ནི་ཧ་ཅང་རྒྱུན་གཏན་མ་ཡིན་པ་དང་ཧ་ཅང་སྤྱིར་བཏང་མ་ཡིན་པ་ཞིག་ཡིན་ཞིང་། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཤིན་ཏུ་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས། དཀའ་ངལ་ཁྱད་བསད་དང་། འབད་འབུངས་མདུན་སྐྱོད་ཀྱིས། དུས་རབས་ཀྱི་ནད་ཡམས་ཆེན་མོའི་བརྡབ་གསིག་ཁྱད་དུ་བསད་པ་དང་། ཉེན་ཁ་དང་འགྲན་རྩོད་རབ་དང་རིམ་པར་ཁ་གཏད་ཡག་པོ་བཅག་ཅིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པར་བྱས་ཡོད་པ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་མཆོངས་བརྒལ་ཐུབ་ཅིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོར་སྤོས་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་སྒྲུབ་པའི་རྒྱང་ལམ་གསར་པའི་འགོ་ཡག་པོ་ཞིག་འཛུགས་ཐུབ་པའི་ངོས་འཛིན་བྱས་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་སྐས་འཛེགས་རྣམ་པའི་རིམ་སྐྱོད་དང་རྒྱུན་ཆད་མེད་པར་གོང་འཕེལ་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཡིན་པས། འབད་བརྩོན་ལྷོད་མེད་དང་རྒྱུན་མཐུད་འབད་འཐབ་བྱེད་དགོས།  ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་མཚམས་ཤིག་ཡིན་པ་དང་། གང་དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པའི་འཕེལ་རིམ་ཁྲོད་སྔ་འཛིན་ཕྱི་གཏོད་ཀྱི་གནས་བབ་གལ་ཆེན་བཟུང་བ་ཞིག་རེད། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་རང་རྒྱལ་གྱི་གོང་འཕེལ་ཁོར་ཡུག་ལ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་འཕྲད་རྒྱུ་དང་། རང་རྒྱལ་གྱི་གོང་འཕེལ་དེ་ཉིད་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་རྩོད་མཉམ་གནས་དང་། གཏན་འཁེལ་མེད་པ་དང་ཚོད་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་དུས་མཚམས་སུ་སླེབས་རྒྱུ་རེད། རང་རྒྱལ་གྱི་དཔལ་འབྱོར་ནི་རྨང་གཞི་བརྟན་པ་དང་། བཟང་ཆ་མང་བ། ལྡེམ་ཤུགས་ཆེ་བ། གོང་འཕེལ་གཏོང་གཞི་ཆེ་བ་ཞིག་ཡིན་ཞིང་། ཡུན་རིང་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་བཟང་ཆ། ཐོན་ལས་མ་ལག་ཆ་ཚང་བའི་བཟང་ཆ། ཤེས་ལྡན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་བཟང་ཆ་བཅས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཏང་ཡོངས་ཀྱིས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཐོག འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། རྣམ་པར་རྒྱལ་ངེས་ཀྱི་སེམས་ཤུགས་ཆེ་རུ་གཏོང་བ། ཧུར་ཐག་ངང་འགྱུར་ལྡོག་ལ་ངོས་འཛིན་དང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ།  རླུང་རླབས་ཆེན་པོ་དང་ཐ་ན་རྦ་རླབས་ལང་ལོང་དུ་འཕྱུར་བའི་ཚོད་བགམ་ཆེན་པོར་ཁ་གཏད་གཅོག་ཕོད་པ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་ངལ་ཁྱད་བསད་དང་། ཉེན་ཁ་ལས་རྒྱལ་བར་བྱེད་པ། འགྲན་རྩོད་གྱི་སྔུན་བསུ་བ། སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་དོན་དག་ལེགས་པར་སྒྲུབ་པ་བཅས་ཀྱི་ཐོག་ནས། དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་ནས་རྩོམ་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་བསྟན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་བསྐྲུན་ཚར་བར་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པར་དམིགས་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་ཐོག་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་མགྱོགས་སུ་གཏོང་བ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་མཐོའི་གོང་འཕེལ་སྐུལ་འདེད་གཏོང་རྒྱུས་བརྗོད་བྱ་གཙོ་བོ་བྱེད་པ།  བསྒྱུར་བཅོས་གསར་སྐྲུན་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་བཞིན་ཇེ་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱེད་པ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུ་རྩ་བའི་འགན་སྲུང་དུ་བྱེད་པ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། མིའི་ཁྱོན་ཡོངས་ཀྱི་གོང་འཕེལ་དང་མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་བརྟན་པོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པའི་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཐོན་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་སྟེ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་རྩ་བའི་རྩེ་ལ་འཛིན་རྒྱུ་རྒྱུན་འཁྱོངས། སྤུས་མཐོའི་གོང་འཕེལ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས། ནུས་ལྡན་ཁྲོམ་ར་དང་འཇོན་ལྡན་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས།  གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་བསྟན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་གཙོ་བོ་བཏོན་པ་སྟེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱ་རྒྱུ་དང་། ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་གྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་འགག་གཏོར་གསར་པ་ཡོང་བ་བྱ་རྒྱུ། སྤྱི་ཚོགས་ཤེས་དཔལ་གྱི་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བྱ་རྒྱུ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ་བྱ་རྒྱུ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གལ་ཆེའི་འཕེལ་རིམ་ཐོན་པ་བྱ་རྒྱུ། རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ར་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་བཅས་ཡིན་པ་དང་། རྨང་གཞི་དེའི་ཐོག་སླར་ཡང་ལོ་ལྔ་འབད་འཐབ་བྱས་ཏེ། 2035ལོར་སླེབས་སྐབས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་ཆེས་ཆེར་འཕར་བ་བྱེད་པ་དང་། མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་འབྲིང་གྲས་ཀྱི་ཆུ་ཚད་ལ་སླེབས་པ་བྱ་རྒྱུ། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པར་འགྱུར་བ་བྱ་རྒྱུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་བཅས་ཡིན་པ་བསྟན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། དཔལ་འབྱོར་གོང་འཕེལ་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་དང་། རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་དང་། སྤུས་ཚད་རྒྱལ་ཁབ་སྟོབས་ཆེན། མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན། དྲ་སྦྲེལ་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་མགྱོགས་སུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱེད་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤོར་བྱེད་པ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གསོ་སྤེལ་སྟོབས་ཆེར་གཏོང་བ། ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ཆེའི་སྒོ་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་དགོས་ཞེས་བསྟན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་མགྱོགས་སུ་བཏང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ལ་སྣེ་ཁྲིད་བྱ་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ནུས་ཕྱོད་མཐོ་རུ་གཏོང་བ། རང་བདག་གསར་གཏོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། ཚན་རྩལ་གོང་འཕེལ་གྱི་མཐོ་ས་བརྩོན་ལེན་བཅས་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱ་དགོས། ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་གོང་འཕེལ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱ་དགོས་ཞེས་བཏོན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན་བྱས་ནས། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་གྲུབ་པར་བྱ་དགོས། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་འདི་རྒྱུན་འཁྱོངས་དང་། དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད། དངོས་པོའི་ཐད་མ་འཇོག་བྱེད་པ་དང་མིའི་ཐད་མ་དངུལ་གཏོང་བ་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དགོས་མཁོ་གསར་པར་བརྟེན་ནས་མཁོ་སྤྲོད་གསར་པར་སྣེ་ཁྲིད་བྱེད་པ་དང་། མཁོ་སྤྲོད་གསར་པར་བརྟེན་ནས་དགོས་མཁོ་གསར་པ་གསར་སྐྲུན་བྱེད་པ། འཛད་སྤྱོད་དང་མ་འཇོག་དང་། མཁོ་སྤྲོད་དང་དགོས་མཁོ་ཕན་ཚུན་མཉམ་འགུལ་ཡག་པོ་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོའི་ནང་སྐྱེས་སྒུལ་ཤུགས་དང་བློས་འགེལ་རང་བཞིན་ཆེ་རུ་གཏོང་དགོས། འཛད་སྤྱོད་ལ་སྐུལ་སྤེལ་ཤུགས་ཆེན་བྱེད་པ་དང་། ནུས་ལྡན་མ་འཇོག་རྒྱ་སྐྱེད་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པར་འགོག་རྐྱེན་བཟོ་བའི་དཀའ་གནད་དང་འགག་གནས་མཐའ་གཅིག་ཏུ་སེལ་དགོས་ཞེས་བཏོན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་མགྱོགས་སུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་སྔར་ལས་ཡག་པ་བྱེད་པ། སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་འགན་ལེན་བྱ་དགོས། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་གི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས། མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་དགོས། ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་སྐྱེད་དང་། ཕྱོགས་མང་ཉོ་ཚོང་གི་སྒྲིག་གཞིར་སྲུང་སྐྱོང་། རྒྱལ་སྤྱིའི་འཁོར་རྒྱུག་རྒྱ་སྐྱེད། སྒོ་དབྱེར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བ་བྱ་དགོས། ཧུར་བརྩོན་ཆེན་པོས་རང་བརྟེན་སྒོ་དབྱེ་རྒྱ་སྐྱེད་གཏོང་བ་དང་། ཉོ་ཚོང་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་ཀྱི་མ་འཇོག་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེར་གཏོང་བ། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོ་པོའི་སྒོ་ནས་མཉམ་སྐྲུན་བྱ་དགོས་ཞེས་བཏོན་ཡོད།ཚང་འཛོམས་གྲོས་ཚོགས་ཐོག ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་མགྱོགས་སུ་གཏོང་དགོས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། གནས་སྡོད་ལས་གཉེར་ལ་འཚམ་ཞིང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་པར་ཕན་འདོགས་པ། ཞིང་པ་ཕྱུག་པོ་ཆགས་པ་བཅས་ཀྱི་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག ས་ཁོངས་ཀྱི་དཔལ་འབྱོར་བཀོད་སྒྲིག་ལེགས་སུ་བཏང་ནས། ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁོངས་མཐུན་སྦྱོར་གོང་འཕེལ་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། བྱེད་ནུས་གཙོ་བོའི་ཁུལ་གྱི་འཐབ་ཇུས། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཐབ་ཇུས་བཅས་ཀྱི་བརྩེགས་སྣོན་གྱི་ཕན་ནུས་འདོན་སྤེལ་བྱེད་པ། ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་པ་ལེགས་འགྱུར་དང་། གཙོ་གནད་ས་ཁོངས་ཀྱི་འཕར་སྣེའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། བཟང་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ས་ཁོངས་དཔལ་འབྱོར་བཀོད་པ་དང་རྒྱལ་ཁོངས་ས་ཆའི་བར་སྟོང་མ་ལག་འཛུགས་དགོས། ས་ཁོངས་གོང་འཕེལ་གྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་དང་། ས་ཁོངས་མཉམ་འགུལ་གོང་འཕེལ་ལ་སྐུལ་འདེད་གཏོང་བ། རྒྱལ་ཁོངས་ས་ཆའི་བར་སྟོང་གོང་འཕེལ་གཏོང་སྟངས་ལེགས་འགྱུར་བྱེད་པ། མི་རྩ་བར་འཛིན་པའི་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱ་མཚོའི་གསར་སྤེལ་བེད་སྤྱོད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས་ཞེས་བཏོན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་བཟུང་བའི་མཛུད་ཁྲིད་གནས་བབ་རྒྱུན་འཁྱོངས་བྱེད་པ་དང་། རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་དཔལ་གྱི་ཁྲོད་དུ་རྩ་བ་ཚུགས་པར་བྱེད་པ། ཆ་འཕྲིན་ལག་རྩལ་གོང་འཕེལ་གྱི་རླབས་རྒྱུན་དང་བསྟུན་པ། བསམ་བློའི་སྣེ་ཁྲིད་ནུས་པ་དང་། བསམ་བློའི་གཅིག་སྡུད་ནུས་པ། རིན་ཐང་གི་ཡིད་འགུགས་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེན་པོ་ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་གཏོང་བ་བཅས་བྱས་ནས། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་ཐོག རིག་གནས་བྱ་གཞག་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རིག་གནས་ཐོན་ལས་གོང་འཕེལ་མགྱོགས་སུ་གཏོང་བ། ཀྲུང་ཧྭའི་ཤེས་དཔལ་གྱི་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ནུས་ཤུགས་གང་ཡོད་འདོན་པ་དང་ནུས་པས་ལྕོགས་ཚོད་ཀྱིས་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐིལ་སྐྱོར་རང་བཞིན་གྱི་དམངས་འཚོའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་། དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། སྤྱི་ཚོགས་འཁོར་རྒྱུག་གི་ལམ་བུ་ཤར་གཏོང་བྱེད་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། སྤུས་ཚད་མཐོ་པོའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་པ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མི་དམངས་ནས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ས་ཁང་བདག་ཁོངས་ཐོན་ལས་སྤུས་མཐོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བདེ་ཐང་ཀྲུང་གོ་འཛུགས་མགྱོགས་སུ་གཏོང་བ། མི་འབོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་བཏང་སྙོམས་ཅན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཁྱོན་ཡོངས་ནས་ལྗང་མདོག་ཅན་ལ་བརྗེ་སྒྱུར་བྱ་རྒྱུ་མགྱོགས་སུ་བཏང་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། ཐཱན་རྩེ་གྲངས་དང་ཐཱན་བཏང་སྙོམས་སྣེ་ཁྲིད་དུ་བྱས་ཏེ། ཐཱན་གཅོག བཙོག་སེལ། ལྗང་སྐྱེད། ཡར་འཕར་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། འབྱུང་ཁམས་བདེ་འཇགས་ཀྱི་སྲུང་ར་བརྟན་པོ་འཛུགས་པ། ལྗང་མདོག་གོང་འཕེལ་གྱི་སྒུལ་ནུས་ཤུགས་ཆེར་གཏོང་བ་བཅས་བྱེད་དགོས། སྦགས་བཙོག་འགོག་བཅོས་འགག་གཏོར་དང་འབྱུང་ཁམས་མ་ལག་ལེགས་སྒྱུར་ལ་རྒྱུན་མཐུད་གཏིང་ཟབ་ངང་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་མ་ལག་གསར་པ་འཛུགས་རྒྱུ་མགྱོགས་སུ་གཏོང་བ། ཐཱན་རྩེ་གྲངས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་དེ་མངོན་འགྱུར་ཡོང་བ་བྱས་ནས། སྦགས་མེད་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པ་བྱེད་དགོས་ཞེས་བཏོན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ལམ་བུའི་ཐོག་བསྐྱོད་དེ། སྤྱི་ཚོགས་གསོན་ཤུགས་རྒྱས་ཤིང་གོ་རིམ་དང་ལྡན་པར་འགན་ལེན་བྱེད་དགོས་པ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་ཡོང་བར་བྱེད་པ་དང་། སྤུས་ཚད་མཐོ་པོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་ལྟོས་མེད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་ཨུད་ཀྱི་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་གོམ་པ་གསུམ་བགྲོད་ཀྱི་འཐབ་ཇུས་གསར་པ་ལྟར། ཆབ་སྲིད་ལ་བརྟེན་ནས་དམག་འཛུགས་པ་དང་། བསྒྱུར་བཅོས་ལ་བརྟེན་ནས་དམག་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ། འཐབ་འཛིང་དང་། དམག་གྲབས། འཛུགས་སྐྱོང་བཅས་མཉམ་དུ་བྱེད་པ། འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན། རིག་ནུས་ཅན་བཅས་ཀྱི་མཉམ་འདྲེས་གོང་འཕེལ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ནུས་པ་མཐོ་རུ་གཏོང་དགོས། སྔོན་ཐོན་གྱི་དམག་འཐབ་ནུས་པའི་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང་། དམག་དོན་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་བསྲིང་ལྷོད་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་སྐུལ་སློང་ནུས་པ་བཅས་ཆེ་རུ་གཏོང་བ། ཏང་གིས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཡོངས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས། ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། བྱ་ཐབས་སྣ་ཚོགས་བརྒྱུད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་སྒྲོག་སྦྱང་། དྲིལ་བསྒྲགས་བཅས་སྒྲིག་འཛུགས་ཡག་པོ་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁོང་དུ་ཡག་པོ་ཆུད་པར་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་འཛུགས་པ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་བ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དེ་བས་ལེགས་པ་བྱེད་པ། དཔལ་འབྱོར་འཛུགས་སྐྱོང་དང་ཁྱབ་ཁོངས་ཁག་གི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་དར་ན་གཞི་ནས་རྒྱལ་ཁབ་སྟོབས་ཆེར་འགྱུར། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལ་ནུས་པ་ཇི་ཙམ་གྱི་ཡག་པ་ཐོན་ན། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འགན་སྲུང་དེ་ཙམ་གྱི་ཡག་ཏུ་འགྲོ་ཐུབ། ངེས་པར་དུ་ནམ་ཡང་ལམ་དུ་ཡོད་པའི་སྙིང་སྟོབས་དང་སྙིང་རུས་ལ་བརྟེན་ནས་རྒྱུན་བསྲིང་ལྷོད་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་བྱས་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་མངོན་འགྱུར་ཡོང་ཆེད་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་སྟོན་བྱས་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག མིག་སྔའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་མཐའ་གཅིག་ཏུ་མངོན་འགྱུར་ཡོང་བ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མུ་མཐུད་གནད་ལ་འཕིགས་པོས་དོན་འཁྱོལ་བྱས་ཐོག ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་གྱི་རྨང་གཞི་བརྟན་སྲུང་བྱས་ཏེ། དཔལ་འབྱོར་བསྐྱར་འཕར་དང་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། སྤྱི་ཁོག་སྲིད་ཇུས་ཐད་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། དུས་བསྟུན་ཤུགས་སྣོན་རྒྱག་པ། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་གཏིང་ཟབ་བསྟར་བ། གཞི་རིམ་གྱི་འགན་ལེན་གསུམ་གྱི་མ་མཐའི་ཚད་གཞི་བརྟན་པོར་སྲུང་བ། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་བརྟན་པོའི་ངང་ཐག་གཅོད་ཧུར་ཐག་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག དམངས་འཚོ་འགན་ལེན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཐབས་ལམ་མང་པོའི་ཐོག་ནས་གོང་འཕེལ་གཏོང་གཞི་སྔོག་འདོན་བྱེད་པ། ལས་གནས་བརྟན་པོ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་མི་ཚོགས་ལས་ཞུགས་བརྟན་པོ་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་བ། གླ་ཆ་ཆད་འགྱངས་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་། དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་ཁོང་ཚོའི་འཚོ་བར་འགན་སྲུང་བྱེད་པའི་ལས་དོན་ཡག་པོ་སྤེལ་ནས། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག བདེ་འཇགས་ཐོན་སྐྱེད་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དམ་ནན་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། ཚབས་ཆེའི་དོན་རྐྱེན་ཐོན་རིགས་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཀྱི་སྦྲེལ་ཐག་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་ཁྲིམས་འགལ་ཉེས་གསོག་ཁག་ལ་རྡུང་རྡེག་གཏོང་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་འགོག་སེལ་ནུས་ལྡན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག ཀྲང་ཧྲེང་རྨིན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གསབ་སྣོན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
  ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ཡུས་ཧུའེ་ཝུན་དང་། མ་ཧན་ཁྲེང་། ཝང་ཅན། ཝང་ཞི། ཝང་ཡུང་ཧུང་། ཝང་ཐིང་ཁའེ། ཝང་ཤིན་ཝེ། ཝེ་ཐའོ། ཏེང་དབྱི་ཝུའུ། ཏེང་ཤིའུ་མིང་། ལུའུ་ཧུང་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་རིམ་གསབ་བྱ་རྒྱུའི་གཏན་འབེབས་བྱས་ཡོད།
  ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐང་རེན་ཅན་དང་། ཅིན་ཤང་ཅུན། ལི་ཧྲེ་སུང་། དབྱང་ཧྥ་སེན། ཀྲུའུ་ཀྲེ་སུང་བཅས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་བ་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧོ་ཝེ་ཏུང་དང་། མིའོ་ཧྭ། ཧོ་ཧུང་ཅུན། ཝང་ཤིའུ་པིན། ལིན་ཤང་དབྱང་། ཆིན་ཧྲུའུ་ཐུང་། ཡོན་ཧྭ་ཀྲི། ཝང་ཁྲུན་ཉིང་། ཀྲེང་ཧྥེང་ཀྲུང་བཅས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེའི་གོང་ཧོ་ཝེ་ཏུང་། མིའོ་ཧྭ། ཐང་རེན་ཅན། ཅིན་ཤང་ཅུན། ཧོ་ཧུང་ཅུན། ཝང་ཤིའུ་པིན། ལིན་ཤང་དབྱང་། ཆིན་ཧྲུའུ་ཐུང་། ཡོན་ཧྭ་ཀྲི། ཝང་ཁྲུན་ཉིང་། ལི་ཧྲེ་སུང་། དབྱང་ཧྥ་སེན། ཀྲུའུ་ཀྲི་སུང་། ཀྲང་ཧྥེང་ཀྲུང་བཅས་ཏང་གི་སྐྱིད་སྡུག་ནས་ཕྱིར་ཕུད་བཏང་བའི་ཆད་གཅོད་ལ་ཁས་ལེན་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་མཉམ་དུ་འབད་འཐབ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་འབོད་སྐུལ་བྱས་ཡོད།