ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་དེ“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་ཇུས་ནང་བཅུག་སྟེ་སྐུལ་འདེད་ནུས་ལྡན་བཏང་བས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་སྤྱི་ཡོངས་ཀྱི་བཀོད་པ་གཞི་རྩའི་ཆ་ནས་གྲུབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་ཕྱིན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱེད་པ་དང་། དེ་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་ཆུ་ཚད་དེ་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་སྐྲུན་པར་དམིགས་པ། ཁྲིམས་སྐྱོང་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་དང་ཕན་ཚུན་མཐུན་སྦྱོར་བྱ་རྒྱུར་དེ་བས་མཐོང་ཆེན། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་འགན་སྲུང་དང་སྐུལ་འདེད་གཏོང་བར་དེ་བས་མཐོང་ཆེན། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་ཁྲིམས་སྐྱོང་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ཁུར་ནས་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བཀོད་སྒྲིག་གལ་ཆེན་དང་། ལས་འགན་གལ་ཆེན། གཙོ་གནད་ལས་དོན་བཅས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཁྲིམས་སྐྱོང་ལས་དོན་སྡེ་ཚན་གྱིས་ནན་ཏན་ངང་འགན་འཁྲི་གཙང་སྒྲུབ་ཀྱིས་རང་འགུལ་ངང་ཐེག་པ་འཁུར་ལེན་བྱེད་པ་དང་སྡེ་ཚན་ཁག་དང་ཁྱབ་ཁོངས་ཁག་གིས་ཁྲིམས་ལྟར་བྱ་བ་ནན་པོ་བསྒྲུབས་ཏེ་ཁྲིམས་སྐྱོང་ཀྲུང་གོ་འཛུགས་པའི་རྣམ་པ་གསར་པ་མཉམ་དུ་གཏོད་དགོས།
ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཚོགས་འདུ་ཟླ་11ཚེས་17ཉིན་དང་ཚེས་18ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་ཚོགས་འདུར་ཞུགས་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད།
ཀྲའོ་ལེ་ཅི་ཡིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཟིགས་རྒྱང་རིང་ལ་དགོངས་པ་ཟབ་པས་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་མ་ཟད། རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད་པས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།
ཀྲའོ་ལེ་ཅི་ཡིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པར་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཞིག་རེད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དྲིལ་བསྒྲགས་དང་། སློབ་གསོ་གསོ་སྦྱོང་། ཞིབ་འཇུག་གསལ་འགྲེལ་བཅས་ཟབ་ཏུ་གཏོང་བ་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལག་ལེན་ཁྲོད་མངོན་པར་བྱེད་དགོས།
ཀྲའོ་ལེ་ཅིས་གསུངས་དོན། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་སྐྱོད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས།
ཀྲའོ་ལེ་ཅིས་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས་གཞུང་འཁྱོངས་གསར་འབྱེད་དང་བརྟན་ཐོག་ཡར་འཕེལ་ཁྲོད་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་ལམ་ལུགས་ཀྱི་ལེགས་ཆ་བརྟན་དུ་གཏོང་བ་དང་མངོན་པར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་བྱེད་པ་དང་ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་འགན་སྲུང་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་འགན་སྲུང་དང་དེར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཕྱི་འབྲེལ་ཁྲིམས་སྐྱོང་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་གཏན་འཁེལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཆེད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས།
ཀྲའོ་ལེ་ཅིས་གསུངས་དོན། དེ་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པ་དང་། འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་མགྱོགས་མྱུར་གྲུབ་པར་བྱེད་པ། ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་པར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཁྲིམས་འཛིན་གཞུང་དྲང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲིམས་སྐྱོང་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་དང་ཁྲིམས་སྐྱོང་ཤེས་ལྡན་པ་གསོ་སྐྱོང་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་ཝུན་ཆིང་གིས་ཕྱོགས་སྡོམ་གསུང་བཤད་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་འཐབ་ཇུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་སྔར་བས་ཁ་གསལ་བཟོས་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་བཏང་སྟེ་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། བཅའ་ཁྲིམས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།
ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་། ཀྲུང་དབྱང་རྩ་འཛུཌ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན། ཐེན་ཅིན་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། ཧྥུའུ་ཅན་ཞིང་ཆེན། ཁྲུང་ཆིང་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་ཚོས་གཏམ་བཤད་སྤེལ་རེས་གནང་བ་རེད།
ཧྲི་ཐའེ་ཧྥུང་དང་། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཀྲང་ཧྲེང་མིན། ཝུའུ་ཀྲེང་ལུང་། ཀྲང་ཅུན། དབྱིན་ཡུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་སྐྱོང(རང་སྐྱོང་ལྗོངས་དང་། གྲོང་ཁྱེར། པིང་ཐོན)ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།