ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཀྲུང་དབྱང་ཁེ་ལས་ཀྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཐོག རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ། རྒྱལ་དམངས་དཔལ་འབྱོར་ཁྲོད་རྐང་འཛིན་དང་ཀ་རྟེན་གྱི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱང་ལམ་གསར་པའི་ཐོག ཀྲུང་དབྱང་ཁེ་ལས་ཀྱིས་ཕྲག་ཏུ་འཁུར་བའི་འགན་འཁྲི་དང་འོས་འགན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཧྲིལ་པོར་ཞབས་འདེགས་སྔར་ལས་ལྷག་པ་ཞུ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་མཐོའི་གོང་འཕེལ་ལ་ཞབས་འདེགས་ཞུ་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཕོད་པ་བཅས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཆེད་སྟོབས་ཤུགས་སྔར་ལས་ཆེ་བ་ལེགས་སྐྱེས་འབུལ་དགོས། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ནས། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་སྒྲིག་རྒྱུན་མཐུད་ངང་ལེགས་སུ་བཏང་སྟེ། ལྟེ་བའི་བྱེད་ནུས་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། དངོས་ཚན་དཔལ་འབྱོར་ལ་གཞི་ཚུགས་ཏེ། འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཀུང་སིའི་བཅོས་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ། ཁེ་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་གཏིང་ཟབ་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་འཛམ་གླིང་གི་ཁེ་ལས་རྩེ་གྲ་གཏོད་དགོས། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་སེལ་ནས། ཁེ་ལས་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། ཏང་གི་འགོ་ཁྲིད་ཀུང་སི་བཅོས་སྐྱོང་གི་ལྷུ་ཚིགས་ཁག་ནང་ཁྱབ་རྒྱུར་སྐུལ་འདེད་གཏོང་བ། ཏང་འཛུགས་ལས་དོན་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ལ་ཆད་གཅོད་མཐའ་གཅིག་ཏུ་བྱེད་པ། སྙིང་རུས་ལྷོད་མེད་ཀྱིས་སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་བྱེད་པ་བཅས་ཀྱི་ཐོག་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བའི་ཚོགས་འདུ་དེ་ཟླ་12ཚེས་22ཉིན་ནས་ཚེས་23ཉིན་བར་པེ་ཅིང་དུ་འཚོགས་ཡོད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད།
ལི་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་ཀྲུང་དབྱང་ཁེ་ལས་ལ་བླང་བྱ་ཁ་གསལ་དང་ཐུགས་རེ་ནན་པོ་བཏོན་གནང་ཡོད་པས། འཐབ་ཇུས་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་ཅིང་། ཀྲུང་དབྱང་ཁེ་ལས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུར་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད། ང་ཚོས་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་གནང་ཡོད། ལི་ཆང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པའི་རྨང་གཞི་བརྟན་གཏོང་དང་ཁྱོན་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ཀྲུང་དབྱང་ཁེ་ལས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་བྱེད་པའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། ཁ་ཕྱོགས་སྔར་བས་ཁ་གསལ་དང་ངེས་གནས་སྔར་བས་ཡང་དག་བཙལ་ནས། འགན་འཁྲི་དང་འོས་འགན་ཏན་ཏིག་འཁུར་དགོས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་སྲུང་ཤུགས་ཆེན་བྱས་ཏེ། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་བརྗེ་སྒྱུར་དང་གྲངས་རིག་ཅན་གྱི་བསྒྱུར་བཀོད་མགྱོགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན་ལས་དོན་འོས་འཚམ་གྱིས་སྔོན་ལ་སྤེལ་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་རང་བརྟེན་ཚོད་འཛིན་ཐུབ་པ་ཡོང་བ་བྱེད་པའི་ཁྲོད་གཙོ་འགན་འཁུར་བའི་གཙོ་ཤུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་དང་ཟུང་འབྲེལ་གྱིས་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ནུས་རྒྱུའི་ཐོན་ཁུངས་མཁོ་སྤྲོད་འགན་ལེན་བྱེད་པ། ཐོན་ལས་སྦྲེལ་ཐག་གི་ལྡེམ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་རྨང་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཉེར་སྤྱོད་ཀྱི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ཁྲོད་ཧུར་བརྩོན་ཆེ་ཞིང་རང་འགུལ་གྱི་བྱ་སྤྱོད་སྤེལ་ནས། གནས་བབ་ཧྲིལ་པོ་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། གཞུང་ཁོངས་དཔལ་འབྱོར་བཀོད་སྒྲིག་ལེགས་འགྱུར་དང་དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞུང་ཁོངས་མ་རྩའི་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ་སོགས་མདུན་གྲལ་དུ་བསྐྱོད་དགོས། ཏང་གི་འགོ་ཁྲིད་དེ་བསྒྱུར་བཅོས་གོང་འཕེལ་གྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
ལི་ཆང་གིས། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བས་སྔར་བས་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཐོག་ནས་འགན་འཁྲི་འཁུར་ཞིང་ལས་འགན་སྒྲུབ་པ་དང་། གནས་བབ་ཧྲིལ་པོའི་འདུ་ཤེས་ཟབ་ཏུ་གཏོང་བ། འགལ་ཟླ་གཙོ་བོར་དམ་འཛིན་བྱེད་མཁས་པ། བསྒྱུར་བཅོས་གསར་གཏོད་བྱེད་ཕོད་པ། རྙོག་འཛིང་ཆེ་བའི་གནས་བབ་ལ་ཁ་ལོ་སྒྱུར་བ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁེ་ལས་ཀྱི་སྣེ་ཁྲིད་ནས་བསྒྱུར་བཅོས་གོང་འཕེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲང་གོ་ཆིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཝུའུ་ཀྲེང་ལུང་ཚོགས་འདུར་ཕེབས་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད།