ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

སྡེ་ཚན་གཉིས་ཀྱིས་མཉམ་འབྲེལ་སྒོས་བསམ་འཆར་དཔར་འགྲེམ་བྱས་ནས་བྱིས་པའི་མཛའ་གྲོགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།

སྤེལ་དུས 2026-03-18 ཡོང་ཁུངས། ཞིན་ཧྭ་དྲ་བ། རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།

            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། གསར་འགོད་པས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་ནས་ཤེས་གསལ་ལྟར་ན། བྱིས་པ་དམིགས་སུ་འཛིན་པའི་རྩ་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་དེ་བས་ལེགས་པོ་བྱས་ཏེ། བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་དང་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་བྱུང་བ་བརྒྱུད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་ལས་ཁང་གིས་ཉེ་ཆར་མཉམ་འབྲེལ་སྒོསསྤྱི་ཚོགས་ཡོངས་སུ་བྱིས་པའི་མཛའ་གྲོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆརདཔར་འགྲེམ་བྱས་ནས། བྱིས་པའི་མཛའ་གྲོགས་འཛུགས་སྐྱོང་ལ་མ་ལག་དང་ལྡན་པའི་བཀོད་སྒྲིག་བྱས།

           བསམ་འཆར་ནང་རྒྱལ་ཁབ་ཀྱི་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་ཚོད་ལྟའི་འཛུགས་སྐྲུན་གྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་། བྱིས་པའི་མཛའ་གྲོགས་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་རེ་གཞི་རྩའི་ཚན་པར་བྱས་ནས། སྤྱི་ཚོགས་སྲིད་ཇུས་དང་སྤྱི་པའི་ཞབས་ཞུ། ཁེ་དབང་འགན་ལེན། འཚར་ལོངས་བར་སྟོངས། འཕེལ་རྒྱས་ཁོར་ཡུག་སོགས་གཙོ་གནད་ཁྱབ་ཁོངས་ལ་གཅིག་གྱུར་འཆར་འགོད་བྱས་ཤིང་།མ་ལག་དང་ལྡན་པའི་སྒོ་ནས་སྲིད་ཇུས་བྱེད་ཐབས་གཅིག་སྡུད་བྱས་ཡོད། སྤྱི་པའི་སྲིད་ཇུས་དང་། སྤྱི་པའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་སོགས་གཙོ་གནད་ཁ་ཕྱོགས་ལ་དམིགས་ཏེ་སྲིད་ཇུས་བཟོ་བ་དང་འཆར་འགོད་སྒྲིག་བཟོ། ཐོན་ཁུངས་བཀོད་སྒྲིག་བཅས་ཀྱི་ཁྲོད་བྱིས་པའི་ཁེ་དབང་འགན་ལེན་གང་ལེགས་དང་བྱིས་པའི་དགོས་མཁོ་སྔོན་ལ་སྐོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་པའི་བར་སྟོངས་བྱིས་པ་དང་འཚམ་པར་སྒྱུར་བཀོད་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ལ། སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས། བྱིས་པར་སློབ་ཡོན་མི་དགོས་པ་དང་དེ་བཞིན་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས། སློབ་གྲྭར་འགྲོ་བ་དང་། སྨན་བཅོས་བྱེད་པ། ཕྱི་ལ་འགྲོ་བ། ལུས་རྩལ་སྦྱོང་པ། ཡུལ་སྐོར་རྩེད་འཇོར་རོལ་བ་སོགས་ལ་དམིགས་ནས་དངོས་སྒྲུབ་བྱ་ཐབས་འདོན་དགོས།

           བསམ་འཆར་ནང་བྱིས་པའི་བདེ་འཇགས་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བ་དང་། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས། དྲ་རྒྱ། སྲིད་གཞུང་། ཁྲིམས་འཛིན་བཅས་ཀྱི“སྲུང་སྐྱོང་ཆེན་པོ་དྲུག”ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ན་སོ་དར་ལ་མ་བབས་པའི་མིའི་བདེ་འཇགས་དང་བདེ་ཐང་འཚར་ལོངས་ལ་དངོས་གནས་སྲུང་སྐྱོང་བྱེད་པ་གཙིགས་སུ་བཟུང་ཡོད།

           བསམ་འཆར་ནང་། བྱིས་པའི་མཛའ་གྲོགས་འཛུགས་སྐྱོང་དེ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་ལས་ཁང་གིས་སྲིད་ཇུས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས། ས་གནས་སོ་སོས་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་སྔར་བས་བསྡུ་སྒྲིལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་བྱིས་པའི་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན། 

རྩོམ་སྒྲིག་པ། རིག་གྲོལ།