ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞུང་ཨན་ཁུལ་གསར་གྱི་བྱེད་ནུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མིག་དཔེ་ཧུར་ཐག་གཏོད་དགོས།

སྤེལ་དུས 2026-03-25 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་འབྲེལ་ཞུང་ཨན་ཁུལ་གསར་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།
ཞུང་ཨན་ཁུལ་གསར་གྱི་བྱེད་ནུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མིག་དཔེ་ཧུར་ཐག་གཏོད་དགོས།
ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུར་ཞུགས་པ།

ཚེས་23ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།

ཚེས་23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་བཅའ་སྡོད་དང་སྐྲུན་བཞིན་པའི་ཁ་འགྲེམས་ཚན་པའི་ལས་བྱེད་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།
            ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཞུང་ཨན་ཁུལ་གསར་ནི་པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཁ་འགྲེམས་ཀྱི་གཅིག་སྡུད་ཐེག་ཁུར་ཁུལ་ཡིན་པའི་བྱེད་ནུས་གཙོ་བོའི་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་དང་ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱས་ཏེ་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་། བསམ་ཕྱོགས་གསར་འབྱེད་བྱེད་པ། མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། སྒྱུར་བཅོས་གསར་གཏོད་ཁྲིད་སྟོན་དུ་བྱས་ཏེ་ནང་སྐྱེས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོ་དང་ཐོན་ཁུངས་ལུགས་མཐུན་གཅིག་སྡུད་བྱ་རྒྱུ་གཙོ་གནད་དུ་བྱས་ནས་ཁུལ་གསར་གྱི་གསོན་ཤུགས་འཕེལ་བར་བྱས་ཏེ། དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མིག་དཔེ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་བཅས་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ་རེད།
            ཚེས་23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཞུང་ཨན་ཁུལ་གསར་དུ་ཕེབས་འབྱོར་ཟིན་རྗེས། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཉི་གཡོད་ཧྥུང་དང་ཧྲེང་ཀྲང་ཝང་ཀྲེང་ཕུའུ་ཡི་ཕེབས་རོགས་འོག རླངས་འཁོར་ལ་ཞུགས་ཏེ་ལམ་བར་ལ་སྔོན་སྤེལ་ཁུལ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་པ་དང་།  ཁུལ་གསར་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་པ་གཟིགས་སྐབས་ཁོང་གིས་ཁས་ལེན་གནང་བ་རེད།
            དེ་རྗེས། ཞི་ཅིན་ཕིང་གིས་ཀྲུང་གོ་ཧྭ་ནུས་ཚོགས་པ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་ཤིང་། 2025ལོའི་ཟླ་10པར་ཧྭ་ནུས་ཚོགས་པའི་སྤྱི་ཁྱབ་པུའུ་དང་དེ་བཞིན་འབྲེལ་ཡོད་ཡན་ལག་ཀུང་སིའི་ལས་མི་1000ལྷག་ཙམ་ཞུང་ཨན་ཁུལ་གསར་དུ་སྤོས་ཡོད། ཞི་ཅིན་ཕིང་གིས་ཁེ་ལས་གཉེར་སྐྱོང་ལྟ་སྐུལ་ཚོད་འཛིན་དང་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ་ཁེ་ལས་གནས་སྤོ་དང་། ཐོན་ལས་བཀོད་སྒྲིག གསར་གཏོད་འཕེལ་རྒྱས་སོགས་ཀྱི་ངོ་སྤྲོད་གསན་པ་དང་ཁེ་ལས་ཀྱི་དུས་ཐོག་གཉེར་སྐྱོང་གྲངས་གཞི་དང་རྒྱང་ཁྲིད་པར་རིས་ལ་གཟིགས་ཤིང་། ཁོང་གིས་ཞུང་ཨན་ཁུལ་གསར་དུ་གནས་སྤོ་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། ཁེ་ལས་ཀྱི་ལས་བྱེད་ལས་བཟོའི་གསར་གཏོད་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ནས་ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་འཛུགས་སྐྲུན་དང་ནུས་རྒྱུའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
            ཀུང་སིའི་ཐོག་སོ་དང་པོའི་ཚོམས་ཆེན་དུ། ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་བཅའ་སྡོད་དང་སྐྲུན་བཞིན་པའི་ཁ་འགྲེམས་ཚན་པའི་ལས་བྱེད་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་སྤེལ་རེས་གནང་སྟེ། ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཚང་མས་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་འབད་བརྩོན་བྱས་པར་ཁས་ལེན་གནང་བ་མ་ཟད། ཁོང་ཚོར་ཁུལ་གསར་གྱི་ས་རྒྱུ་གཤིན་པོར་རྩ་བ་ཚུགས་ནས་རིག་སྟོབས་དང་བློ་གྲོས་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ཐུགས་རེ་གནང་བ་དང་། ཁོང་གིས་ཚང་མས་ཞུང་ཨན་བ་ཞིག་ཡིན་པའི་སྤོབས་སེམས་དགོས་པ་དང་། གྱི་ལིང་རྟ་མཆོག་གཅིག་གི་སྣེ་ཁྲིད་འོག་མགྱོགས་ལ་བརྟན་པའི་གོམ་འགྲོས་དང་བསྟུན་ནས་ལས་སྒྲུབ་ལས་གཏོད་བྱས་ཏེ། ཐུན་མོང་ཐོག་ཞུང་ཨན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་རེད།
            པེ་ཅིང་གྲོང་ཁྱེར་གྱིས་བསྐྲུན་རོགས་བྱས་པའི་པེ་ཅིང་སློབ་འབྲིང་བཞི་པའི་ཞུང་ཨན་སློབ་ཁུལ་དེ་ནི་2023ལོའི་ཟླ་8པར་སྤྱོད་འགོ་ཚུགས་པ་དང་ད་ཆ་སློབ་མ་380ལྷག་ཙམ་ཡོད་པ་རེད། སློབ་ཁྲིད་ཐོག་ཁང་ནང་སློབ་མ་རྣམས་སློབ་ཚན་ཉན་བཞིན་ཡོད་པ་དང་། ཞི་ཅིན་ཕིང་གིས་དམའ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ(2)པའི་སློབ་ཁང་དུ་ཕེབས་ཏེ། དགེ་སློབ་དང་གླེང་མོལ་གནང་ནས་སློབ་ཁྲིད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་པེ་ཅིང་སློབ་འབྲིང་བཞི་པའི་སློབ་གཉེར་གྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་འདི་གར་ཁྱབ་གདལ་བཏང་ནས་ཕྲུ་གུ་ཚོའི་ལུས་སེམས་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། ཕྲུ་གུ་ཚོ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།
            སློབ་གྲྭའི་ཟ་ཁང་དུ། ཞི་ཅིན་ཕིང་གིས་ཟ་ཁང་གི་ཁོར་ཡུག་དང་ཚལ་སྣ་སོགས་ལ་གཟིགས་ནས་ངེས་པར་དུ་སློབ་མའི་བཟའ་བཏུང་གི་བདེ་འཇགས་དང་འཚོ་བཅུད་འགན་ལེན་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། སློབ་གྲྭ་ནས་ཞལ་གྱེས་སྐབས། དགེ་སློབ་ཚོས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཕྲུ་གུ་ཚོར་གོ་སྐབས་བཟང་པོར་གཅེས་སྤྲས་ཀྱིས་འབད་འབུངས་བྱེད་པ་དང་ཧུར་སྐྱེད་ཡར་བརྩོན་བྱེད་པ། ཞུང་ཨན་ཁུལ་གསར་དང་མཉམ་དུ་འཚར་ལོངས་ཡོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མཉམ་དུ་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
            ཚེས་23ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་དང་། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཉི་གཡོད་ཧྥུང་། ཞུང་ཨན་ཁུལ་གསར་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་གོ་ཧྭ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཞིང་། པེ་ཅིང་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཡིག་ཐོག་གཏམ་བཤད་ཕུལ་བ་རེད།
            ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་འཕེལ་རྒྱས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་ནི་རྦད་དེ་ཡང་དག་པ་ཞིག་དང་ཕྱོགས་ཁག་གི་ལས་དོན་ནི་ཏན་ཏིག་ནུས་ལྡན་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
            ཞི་ཅིན་ཕིང་གིས་གསུངས་དོན། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ངེས་པར་དུ་ཁུལ་གསར་གྱི་བྱེད་ནུས་ངེས་གནས་མཐའ་འཁྱོངས་བྱས་ཏེ། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཁ་འགྲེམས་དང་འབྲེལ་མཐུད་བྱེད་པར་དེ་བས་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཁེ་ལས་དང་། མཐོ་སློབ། སྨན་ཁང་བཅས་ཀྱི་ཁ་འགྲེམས་རྣམ་གྲངས་འཛུགས་སྐྲུན་ཁག་བགོས་ཀྱིས་སྐུལ་འདེད་ཧུར་ཐག་དང་བརྟན་པོ་གཏོང་བ་དང་། དངུལ་རྩའི་སྒྲིག་གཞི་དང་། ཚན་ཞིབ་ཁང་། བྱ་གཞག་ཚན་པ་བཅས་ཁ་འགྲེམས་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། ཁ་འགྲེམས་ཚན་པ་འཕེལ་རྒྱས་དེ་བས་ཡག་པོ་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ཁ་འགྲེམས་རྣམ་གྲངས་དང་མི་སྣར་སྲིད་ཇུས་ཐོག་ནས་འགན་སྲུང་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁ་འགྲེམས་རྣམ་གྲངས་ཀྱིས་ཁུལ་གསར་དང་ཉེ་འཁོར་ས་ཁོངས་ཀྱི་འཕེལ་རྒྱས་ལ་ཁྱབ་འགྱེད་སྐུལ་ཁྲིད་བྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།
            ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཞུང་ཨན་ཁུལ་གསར་གྱི་ཕྱོགས་བསྡུས་ཐེག་ནུས་རྒྱུན་མཐུད་ཆེ་རུ་གཏོང་བར་ངེས་པར་དུ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་ནུས་ཆེའི་བཅོས་སྐྱོང་ལ་གཞི་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་དགོས། དལ་ལྷོད་དང་དུས་རིམ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་བྱས་ཏེ། སྔོན་སྤེལ་ཁུལ་དང་འགོ་འཛུགས་ཁུལ་སོགས་སྐྲུན་པར་སྟོབས་ཤུགས་གཅིག་སྡུད་ཀྱིས་སྐུལ་འདེད་བཏང་ནས“ཞུང་ཨན་གྱི་སྤུས་ཚད”ཧུར་ཐག་གཏོད་དགོས། ཏང་འཛུགས་སྐྱོང་གིས་ཁུལ་གསར་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་སུ་ཧུར་ཐག་གཏོང་བ། འབྱུང་འགྱུར་ལ་ཕྱོགས་པའི་རིག་ལྡན་གྲོང་ཁྱེར་གྱི་དོ་དམ་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ་གནམ་སྔོན་པོ་དང་། ས་གཞི་སྔོ་ལྗང་། ཆུ་མོ་དྭངས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཞུང་ཨན་འཛུགས་སྐྲུན་བྱེད་དགོས།
            ཞི་ཅིན་ཕིང་གིས་གསུངས་དོན། ཞུང་ཨན་ཁུལ་གསར་གྱིས་སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ། ཁུལ་གསར་གྱི་དོན་དངོས་དང་འཚམ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་དགོས། ཆུ་ཚད་མཐོ་པོས་ཞུང་ཨན་ཀྲུང་ཀོན་གྲོང་ཚོའི་ཚན་རྩལ་གླིང་འཛུགས་སྐྲུན་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཚོ་འདུས་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་སྟེ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་དགོས། བློ་ཁོག་ཆེན་པོས་འཚོལ་ཞིབ་དང་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་ནས། ཚན་རྩལ་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་སྲིད་ཇུས་སྔོན་ལ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་དགོས།
            ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་ཅིག་གཏོད་དགོས། འབྲེལ་ཡོད་ཕྱོགས་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ། ཞུང་ཨན་ཁུལ་གསར་སྤུས་ཚད་མཐོ་པོས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ཞུང་ཨན་ཁུལ་གསར་གྱི་རྒྱ་ཆེའི་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་ལུས་ཚུགས་ཐུབ་པ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཏང་དང་མི་དམངས་ལ་རྒྱུགས་ལན་ཡག་པོ་ཞིག་ཧུར་ཐག་འབུལ་དགོས།
            ལི་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ“ལོ་ངོ་སྟོང་གི་ཇུས་ཆེན”གྱི་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་ལ་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མ་བཏང་བར་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་ཁ་འགྲེམས་དང་འབྲེལ་མཐུད་བྱེད་པའི་ཐད་འཕེལ་རིམ་གསར་པ་བརྩོན་ལེན་བྱས་ཏེ། ཁ་འགྲེམས་ཀྱི་སྒུལ་ཤུགས་དང་དང་ལེན་གྱི་འགུག་ཤུགས་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྱི་ཁྱད་ཆོས་ཕུན་སུམ་ཚོགས་སུ་གཏོང་བ་དང་གྲོང་ཁྱེར་གྱི་བྱེད་ནུས་ཆེ་རུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱེད་པ་དང་། སྤྱི་པའི་ཞབས་ཞུ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་ཀྱི་ཁོར་ཡུག་རྩེ་གྲ་གཏོད་པ་བཅས་བྱས་ནས་དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་གཏོད་དགོས། ཅིང་ཅིན་ཅི་གསུམ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལས་རྗེས་གསར་པ་ཧུར་ཐག་བཞག་ནས་ཕྱོགས་ཁག་གི་ལེགས་ཆ་གཅིག་སྡུད་དང་སྒྱུར་བཅོས་འཚོལ་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ། ས་ཁོངས་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ནུས་པ་འདོན་དགོས།
            ཏིང་ཤུའེ་ཞང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱེད་པ་དང་། ཞུང་ཨན་ཁུལ་གསར་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་གསར་གཏོད་ཀྱི་དྲ་རྒྱ་དང་མཉམ་འདྲེས་གཏིང་ཟབ་བཅས་བྱས་ཏེ། པེ་ཅིང(ཅིང་ཅིན་ཅི་གསུམ)རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཀ་རྟེན་གལ་ཆེན་ཧུར་ཐག་གཏོད་དགོས། མཐོ་སློབ་དང་ཚན་ཞིབ་ཁང་མཉམ་འདུས་ཀྱི་ལེགས་ཆ་བཏོན་ཏེ་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པ་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བར་ཆུ་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས། གསར་གཏོད་ཀྱི་ཁོར་ཡུག་རྩེ་གྲ་སྐྱེད་སྲིང་ཞིབ་ཚགས་བྱས་ནས་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།
            ཧོ་ལི་ཧྥུང་སོགས་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ་དང་། དབྱིན་ལི་དང་། ཁྲེན་མིན་ཨེར། ཝུའུ་ཀྲེང་ལུང་བཅས་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། དམག་དཔུང་གི་འབྲེལ་ཡོད་ཚན་པ། པེ་ཅིང་གྲོང་ཁྱེར། ཐེན་ཅིན་གྲོང་ཁྱེར། ཧོ་པེ་ཞིང་ཆེན། ཞུང་ཨན་ཁུལ་གསར། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།  
རྩོམ་སྒྲིག་པ།  རིག་གྲོལ།