ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2026ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ཀྱི་ལོ་ཚོགས་ཚེས25ཉིན་པེ་ཅིན་དུ་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཏིན་ཞུའེ་ཞང་གིས་བསྟན་དོན། འདས་མ་ཐག་པའི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ་ཀྲུང་གོས་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་གསར་པ་བླངས་ལ། རྒྱལ་ཁབ་ཀྱི་ཚན་རྩལ་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་སྣེ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཤུགས་རྐྱེན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
ཏིན་ཞུའེ་ཞང་གིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་ཀྲུང་གོས་མགྱོགས་མྱུར་ངང་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྟོབས་ལ་སྐུལ་འདེད་བཏང་ནས། ཤུགས་ཆེན་པོས་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་བསྐྲུན་ཏེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་འདེགས་གནས་གལ་ཆེན་གཏོད་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་པེ་ཅིན་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་དེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་སུ་རྒྱ་སྐྱེད་གཏོང་རྒྱུ་དང་། ཧྲང་ཧའེ་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་དེ་འབྲི་ཆུའི་ཟུར་གསུམ་ཁུལ་དུ་རྒྱ་སྐྱེད་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་ཆེན་པོ་གསུམ་འཛུགས་སྐྲུན་བྱ་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་གནང་། པེ་ཅིན་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་ཁུལ་དང་། ཀོང་ཏུང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་པོ་ཁུལ་ནི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ཆེན་པོ་གསུམ་ཡིན་པ་དང་། ས་ཁུལ་གསུམ་པོར་གཅིག་སྡུད་ཐོག་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་དེ་གྲོང་ཁྱེར་རྐྱང་པ་ནས་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཚེ། ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་སྲིད་ཇུས་རྩེག་སྣོན། སྟོབས་ཤུགས་མཐུན་སྦྱོར། ལེགས་ཆ་གསབ་རེས་བཅས་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོད་པ་དང་། ཕུལ་བྱུང་གི་ཚན་རྩལ་གསར་གཏོད་ཀྱི་འབྱུང་ཁུངས་ཇུས་འགོད་ནུས་པ་དང་། རྩེར་སོན་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ། ཚན་རྩལ་ཐོན་ཁུངས་དང་ཤེས་ལྡན་མི་སྣ་གཅིག་སྡུད་ནུས་པ་ཆགས་ཐུབ་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རིམ་ཁྲོད་སྔར་ལས་ལྷག་པར་སྔོན་སྐྱོད་པ་དང་དཔེ་སྟོན་སྣེ་ཁྲིད། ཁྱབ་འགྱེད་སྐུལ་ཁྲིད་བཅས་ཀྱི་བྱེད་ནུས་འདོན་སྤཻལ་བྱེད་ཐུབ། ང་ཚོས་པེ་ཅིན(པེ་ཅིན་དང་ཐེན་ཅིན། ཧོ་པེ)གྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་དེ་འཛམ་གླིང་གི་ཚན་རིག་ལྟེ་གནས་གལ་ཆེན་དང་། ཤེས་ལྡན་མི་སྣའི་ལྟེ་གནས། གསར་སྐྲུན་མཐོ་ས་ཞིག་ཏུ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཚན་རྩལ་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད། ཁོང་གིས་གྲོས་གཞི་གསུམ་བཏོན་པ་སྟེ། གཅིག་ནི་སྔར་བས་སྒོ་དབྱེའི་ཁོང་ཡངས་ཀྱི་གསར་གཏོད་དྲ་རྒྱ་བསྐྲུན་ནས་རིགས་སོ་སོའི་གསར་གཏོད་གཙོ་གཞི་མཉམ་ལས་ཀྱི་འབྲེལ་ཐག་ཇེ་དམ་དུ་གཏོང་དགོས། གཉིས་ནི་སྔར་བས་རྒྱ་ཁྱབ་དང་སྣ་མང་གི་ཚན་རྩལ་མཉམ་ལས་སྤེལ་ནས་རྨང་གཞིའི་མདུན་གྲལ་ཞིབ་འཇུག་གི་མཐུན་སྦྱོར་འགག་སྒྲོལ་དང་གསར་དར་ལག་རྩལ་ཁྱབ་གདལ་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་སྤྲོད་དགོས། གསུམ་ནི་སྔར་ལས་འདྲ་མཉམ་དང་དགེ་སྒྲུབ་ཀྱི་ཚན་རྩལ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། ཚན་རྩལ་འཕེལ་རྒྱས་ལས་འབྱུང་སྲིད་པའི་སྒྲིག་སྲོལ་གྱི་འགལ་བ་དང་། སྤྱི་ཚོགས་ཀྱི་ཉེན་ཁ། མི་ཆོས་ཀྱི་འགྲན་སློང་བཅས་ལ་ཁ་གཏད་འོས་འཚམ་གཅོག་དགོས།
མགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། ཏིན་ཞུའེ་ཞང་གིས་ཀྲུང་ཀོན་ཚུན་འགྲེམས་སྟོན་ལྟེ་གནས་ཀྱི་རྒྱུན་བཙུགས་འགྲེམས་སྟོན་ལ་སྐོར་ཞིབ་བྱས་ནས་ཚན་རྩལ་མི་སྣ་དང་བརྗེ་རེས་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལི་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
2026ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ཀྱི་ལོ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ”དེ་རེད། རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་མི་སྣ་དང་། ཁེ་ལས་ཀྱི་འགན་འཁུར་བ། སྲིད་གཞུང་གི་དཔོན་རིགས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་མི1000ཙམ་མགོ་ཚུགས་མཛད་སྒོར་ཞུགས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།