ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཆང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བ།

སྤེལ་དུས 2026-04-08 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ3པའི་ཚེས30ཉིན་ནས་ཟླ4པའི་ཚེས1ཉིན་བར་སི་ཁྲོན་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྗང་མདོག་འཕེལ་རྒྱས་དང་ནུས་ཁུངས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གསར་གཏོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ།  ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། རྣམ་པ་གསར་པའི་གློག་དྲ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ། ནུས་ཁུངས་གྲུབ་ཚུལ་མྱུར་དུ་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས།

ཟླ3པའི་ཚེས30ཉིན་ནས་ཟླ4པའི་ཚེས1ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་། འདི་ནི་ཟླ3པའི་ཚེས30ཉིན། ལི་ཆང་གིས་ཐུང་ཝེ་གོ་ལ་ཧྲིལ་པོའི་གསར་གཏོད་ཞིབ་སྤེལ་ལྟེ་གནས་སུ་འོད་བརྟེན་ལག་རྩལ་འགག་སྒྲོལ་ཐད་ཀྱི་ངོ་སྤྲོད་ལ་གསན་པ་དང་། གློག་གཡིས་ཀྱི་ལྷུ་ལག་ཞིབ་བཟོ་གནས་ཚུལ་ལ་གཟིགས་ཞིབ་གནང་བའི་ཚུལ་རེད།
            ལི་ཆང་སྔ་གཞུག་ཏུ་ཁྲེང་ཏུའུ་གྲོང་ཁྱེར་དང་ཏི་དབྱང་གྲོང་ཁྱེར་དུ་ཕེབས་ནས། ནུས་ཁུངས་གསར་པ་གསར་སྤེལ་དང་འབྲེལ་ཡོད་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་སོགས་ལ་རྟོག་ཞིབ་མཛད། ཐུང་ཝེ་གོ་ལ་ཧྲིལ་པོའི་གསར་གཏོད་ཞིབ་སྤེལ་ལྟེ་གནས་སུ། ལི་ཆང་གིས་འོད་བརྟེན་ལག་རྩལ་འགག་སྒྲོལ་ཐད་ཀྱི་ངོ་སྤྲོད་ལ་གསན་པ་དང་། གློག་གཡིས་ཀྱི་ལྷུ་ལག་ཞིབ་བཟོ་གནས་ཚུལ་ལ་གཟིགས་ཞིབ་གནང་།  ཁོང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་འོད་བརྟེན་ལག་རྩལ་ལ་ཡར་ཐོན་བྱུང་བ་དེས་ཉི་ནུས་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་བཏང་། ཁེ་ལས་ཀྱི་འཚོལ་ཞིབ་གསར་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། གནད་འགག་ལག་རྩལ་ཐད་ཀྱི་དཀའ་གནད་ཧུར་ཐག་གིས་འགག་སྒྲོལ་བྱེད་པ། བཀོལ་སྤྱོད་ཀྱི་རྣམ་པ་སྣ་ཚོགས་བསྐྲུན་ནས། ལག་རྩལ་གསར་པའི་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་དགོས། ཡར་ལུང་གཙང་པོའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སི་རུ། ལི་ཆང་གིས་ཆུ་རླུང་འོད་གསུམ་གཞི་གཅིག་ཅན་གྱི་རྟེན་གཞི་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། སི་ཁྲོན་ཞིང་ཆེན་གྱི་རྣམ་པ་གསར་བའི་གློག་དྲ་འཛུགས་སྐྲུན་ཐད་ཀྱི་སྙན་ཞུ་ལ་གསན། ཁོང་གིས་བསྟན་དོན། རྣམ་པ་གསར་པའི་གློག་དྲ་འཛུགས་སྐྲུན་བྱས་པ་དེས་ནུས་ཁུངས་བདེ་འཇགས་འགན་སྲུང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། སྒྲོམ་གཞི་གསར་པ་དང་། ལག་རྩལ་གསར་པ། ཞབས་ཞུ་གསར་པ་བཅས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། དྲ་བ་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། མ་ལག་མཐུན་སྦྱོར་དང་སྙོམ་སྒྲིག་བྱེད་ནུས་ཆེ་རུ་གཏོང་དགོས་ལ། སྣ་མང་དགོས་མཁོའི་འགན་སྲུང་ལ་ཤུགས་བསྣན་ནས་བདེ་འཇགས་བློ་བདེ་དང་། ལྗང་མདོག་ཐཱན་ཉུང་། སྲ་བརྟན་འགྱུར་མེད། རིག་ནུས་སྟབས་བསྟུན་བཅས་ཀྱི་རྣམ་པ་གསར་པའི་གློག་དྲ་བསྐྲུན་དགོས།  སི་ཁྲོན་གྱིས་ཆུ་རླུང་འོད་ཆིང་རང་བྱུང་སོལ་རླངས་སོགས་ནུས་མང་གསབ་རེས་བྱ་རྒྱུར་སྐུལ་འདེད་བཏང་ནས། དག་གཙང་ནུས་ཁུངས་གསར་སྤེལ་བེད་སྤྱོད་དང་རྣམ་པ་གསར་པའི་གློག་དྲ་འཛུགས་སྐྲུན་སྐོར་ནས་མདུན་གྲལ་དུ་སླེབས་པ་དང་། དེ་དང་ཆབས་ཅིག་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་ལེགས་པའི་སྒོ་ནས་སྐུལ་ཁྲིད་བྱེད་དགོས། རྒྱལ་ཁབ་ཀྱི་འཕྲུལ་འཁོར་ཆེ་གྲས་སྒྲིག་ཆས་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སི་དང་། ཤར་ཕྱོགས་གློག་ཤུགས་སྡེ་ཚོགས། ཤར་ཕྱོགས་གློག་འཕྲུལ་ཚད་ཡོད་ཀུང་སི་རུ་ལི་ཆང་གིས་ཉིང་གློག་དང་ཆུ་གློག་སོགས་ཀྱི་སྒྲིག་ཆས་དང་ལྟེ་བའི་ལྷུ་ལག་ལ་གཟིགས་ཞིབ་གནང་སྟེ། ཁེ་ལས་ཀྱིས་ཚན་རྩལ་གྱི་མདུན་གྲལ་དང་ཁྲོམ་རའི་དགོས་མཁོར་དམིགས་ནས་མིས་བཟོས་རིག་ནུས་སོགས་སྔོན་ཐོན་ལག་རྩལ་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  དག་གཙང་ནུས་ཁུངས་སྒྲིག་ཆས་བཟོ་སྐྲུན་སོགས་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་ཐོད་བརྒལ་གསར་པ་ཡོང་དགོས་པའི་སྐུལ་ལྕག་གནང་།

ཟླ3པའི་ཚེས30ཉིན་ནས་ཟླ4པའི་ཚེས1ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་། འདི་ནི་ཟླ3པའི་ཚེས31ཉིན། ལི་ཆང་གིས་ཡར་ལུང་གཙང་པོའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སི་རུ་ཆུ་རླུང་འོད་གསུམ་གཞི་གཅིག་ཅན་གྱི་རྟེན་གཞི་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་པའི་ཚུལ་རེད།
            ལི་ཆང་རྨིན་ཅང་ཙི་ཕིང་ཕུའུ་ཆུ་བེད་ལྟེ་བའི་ལས་གྲྭར་ཕེབས་ནས་རྨིན་ཅང་ཙི་ཕིང་ཕུའུ་ཡི་ཆུ་མཛོད་ཁུལ་དུ་གཟིགས་ཞིབ་གནང་ནས་སི་ཁྲོན་ཞིང་ཆེན་གྱི་ཆུ་བེད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་རྗེས་ཏུའུ་ཅང་ཡན་ཆུ་བེད་བཟོ་སྐྲུན་ལ་རྟོག་ཞིབ་གནང་། ལི་ཆང་གིས་གསུངས་རྒྱུར། ཆུ་བེད་སྒྲིག་བཀོད་དེང་རབས་ཅན་དུ་གཏོང་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཆུ་ལོག་སྔོན་འགོག་དང་། ཞིང་ཆུ་འདྲེན་པ། ཆུ་མཁོ་འདོན། གློག་འདོན་སོགས་ཀྱི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆུ་བཅོས་ཆུ་སྤེལ་གྱི་ཕན་འབྲས་གསར་པར་བརྟེན་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།  ཀོང་ཧན་གྲོང་ཁྱེར་གྱི“ཐེན་ཧྥུའུ་འབྲུ་མཛོད”ཀྱི་མུའུ་ཁྲི་ཡི་གྲོའི་ཐོན་ཚད་མཐོར་འདེགས་དཔེ་སྟོན་ཁུལ་དུ་ལི་ཆང་ཞིང་ཁར་ཕེབས་ནས་གྲོ་སྐྱེས་ཚད་དང་ཆུ་འབྲས་ཀྱི་མྱུ་གུ་འབུས་ཚུལ་བཅས་ལ་གཟིགས་ཞིབ་གནང་ནས། ཞིང་ལས་ལག་རྩལ་ཆེད་མཁས་པ་དང་འབྲུ་རིགས་འདེབས་མཁན་གྱི་ཞིང་ཁྱིམ་དང་ཉམས་མྱོང་བརྗེ་རེས་གནང་།  ལི་ཆང་གིས་གསུངས་རྒྱུར། ཞིང་ལས་དུས་སྐབས་དམ་འཛིན་ནན་མོ་བྱས་ནས་ཞིང་ལས་རྒྱུ་ཆ་མཁོ་འདོན་དང་ལག་རྩལ་ཞབས་ཞུ་ཡག་པོ་བྱེད་དགོས། རིག་ལྡན་ཞིང་ལས་འཕྲུལ་ཆས་སོགས་ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་མཐོ་བའི་སྒོ་ནས་ཞིང་ཁའི་དོ་དམ་དམ་འཛིན་བྱ་དགོས་ལ། འབྲུ་འདེབས་ཁྱིམ་ཆེན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་ཞིང་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་འབྲུ་འདེབས་ཀྱི་ཕན་འབྲས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སོན་བཟང་འདེབས་གསོ་སོགས་ཀྱི་ཐད་མུ་མཐུད་དུ་ཤུགས་བསྣན་ནས་འབྲུ་རིགས་བདེ་འཇགས་འགན་སྲུང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།
            ཝུའུ་ཀྲིན་ལུང་གིས་མཉམ་དུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ། རིག་གྲོལ།