ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲའོ་ལེ་ཅི་ཡིས་ཕོར་ཐི་ཀལ་གྱི་གྲོས་དཔོན་ཨ་ཅི་ཡར་པུའུ་ལན་ཁའོ་དང་གྲོས་མོལ་གནང་བ།

སྤེལ་དུས 2026-04-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།


ཟླ4པའི་ཚེས8ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཕོར་ཐི་ཀལ་གྱི་གྲོས་དཔོན་ཨ་ཅི་ཡར་པུའུ་ལན་ཁའོ་དང་གྲོས་མོལ་གནང་།

            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས8ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཕོར་ཐི་ཀལ་གྱི་གྲོས་དཔོན་ཨ་ཅི་ཡརཔུའུ་ལན་ཁའོ་དང་གྲོས་མོལ་གནང་།

            ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་སའེ་ཀུའུ་ལའོ་དང་། ཙུང་ལི་མོང་ཐེ་ནེ་ཀེ་ལའོ་བར་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཕོར་ཐི་ཀལ་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཐབ་ཇུས་ཀྱི་མཛུབ་སྟོན་གནང་། ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐི་ཀལ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུ་ཁྲིད་སྟོན་དུ་འཛིན་པ་དང་། གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཕོར་ཐི་ཀལ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

            ཀྲའོ་ལེ་ཅི་ཡིས་བསྟན་དོན། འབྲེལ་བ་བཙུགས་པའི་ཚུན་ལ། ཕོར་ཐི་ཀལ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས། རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་གྲོས་མོལ་བྱས་ནས་ཨའོ་མོན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ། ཕྱོགས་གཉིས་ཀྱི་ཆབ་སྲིད་བློ་གྲོས་དང་ཚད་མཐོའི་ཡིད་ཆེས་གང་ལེགས་སྒོས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐི་ཀལ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་གསར་པ་དང་། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། རིག་གནས་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་ཐོག་དངོས་འབྲེལ་གྱི་ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་འདོད་ཡོད། ཕོར་ཐི་ཀལ་ཕྱོགས་ཀྱིས་མུ་མཐུད་དུ་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། 

            ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཕོར་ཐི་ཀལ་གྱི་གྲོས་དཔོན་དང་མཉམ་དུ། ཁྲིམས་འཛུགས་སྒྲིག་གཞིའི་འགན་ནུས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་གྱི་ཉམས་མྱོང་བརྗེ་རེས་རྒྱ་ཆེར་བཏང་ནས། ཕྱོགས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། ཀྲའོ་ལེ་ཅི་ཡིས་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་གི་གནས་ཚུལ་ངོ་སྤྲོད་བྱས་ཏེ་བསྟན་དོན། ཕྱོགས་གཉིས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་དམིགས་ནས། ཉམས་མྱོང་བརྗེ་རེས་བྱས་ཏེ། འབྲེལ་ཡོད་རྒྱལ་ནང་གི་ཁྲིམས་འཛུགས་དང་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བ་སོགས་ཀྱི་ཐད་མཉམ་ལས་ལ་ཤུགས་སྣོན་དགོས།

            ཨ་ཅི་ཡར་པུའུ་ལན་ཁའོ་ཡིས་བསྟན་དོན། ཕོར་ཐི་ཀལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་རྒྱལ་བྱེད་ཀྱིན་ཡོད། ཕོར་ཐི་ཀལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་ནས། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ཨའོ་མོན་དུ་གྲུབ་འབྲས་ཐོབ་པའི་ལག་ལེན་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཕོར་ཐི་ཀལ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་ནི་ཕོར་ཐི་ཀལ་གྱི་ཏང་ཁག་གི་ཐུན་མོང་ངོས་འཛིན་ཡིན། རྒྱལ་སྤྱིའི་གནས་བབ་ཀྱི་ངེས་གཏན་མེད་པའི་རང་བཞིན་ལ་དམིགས་ཏེ། ཕོར་ཐི་ཀལ་དང་ཀྲུང་གོའི་འབྲེལ་བའི་འཐབ་ཇུས་རང་བཞིན་ཆེ་རུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ཐུན་མོང་ཐོག་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕོར་ཐིའུ་ཀལ་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཛའ་བརྩེའི་འགྲོ་འོང་བྱ་རྒྱུར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་འདོད་ཡོད།

            ཧོ་ཝེ་གྲོས་མོལ་ལ་ཞུགས།

རྩོམ་སྒྲིག་པ། རིག་གྲོལ།