ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་དམག་ཡོངས་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ་ནན་གྱིས་བསྟན་དོན། བསམ་བློ་ཀུན་སྤྱོད་དག་ཐེར་དང་ཆབ་སྲིད་དག་ཐེར་སྦྱོང་བརྡར་གཏིང་ཟབ་ཏུ་སྤེལ་ཏེ་ཆབ་སྲིད་ཀྱི་རྣམ་པ་གསར་པས་དམག་དཔུང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་བྱེད་དགོས།

སྤེལ་དུས 2026-04-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།

ཟླ4པའི་ཚེས8ཉིན་གྱི་སྔ་དྲོར། དམག་ཡོངས་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་རྒྱལ་སྲུང་སློབ་ཆེན་དུ་སློབ་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་། 
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམག་ཡོངས་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཚེས8ཉིན་གྱི་སྔ་དྲོར་རྒྱལ་སྲུང་སློབ་ཆེན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ། བསམ་བློ་ཀུན་སྤྱོད་དག་ཐེར་དང་ཆབ་སྲིད་དག་ཐེར་སྦྱོང་བརྡར་གཏིང་ཟབ་ཏུ་སྤེལ་བ། རང་རེའི་དམག་དཔུང་གི་ལས་བྱེད་པའི་དཔུང་སྡེ་གསར་བརྗེ་རང་བཞིན་གྱིས་རྡུང་བཟོ་བྱེད་པར་ཤུགས་སྣོན་པ། མི་དམངས་དམག་དཔུང་གི་དྭངས་གཙང་དང་གཟི་བརྗིད་ནམ་ཡང་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་རྣམ་པ་གསར་པས་དམག་དཔུང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་མ་བྱེད་དགོས།
             ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་ཏང་དང་རང་རེའི་དམག་དཔུང་ནི་ཕུགས་མདུན་དང་དད་མོས་ལ་བརྟེན་ནས་མཉམ་དུ་བསྡུས་པ་ཡིན་པས། ཏང་འདི་དང་དམག་དཔུང་འདི་ལ་ཞུགས་དགོས་ན། མར་ཁེ་སི་རིང་ལུགས་ལ་ཡིད་ཆེས་བརྟན་པོ་ཡོད་དགོས་པ་དང་། ཏང་གི་དད་མོས་དང་ཏང་གི་རྩ་འཛུགས། ཏང་གི་ལས་དོན་བཅས་ལ་ལྷག་བསམ་རྣམ་དག་ཡིན་དགོས། ཏང་གི་གསར་གཏོད་གཞུང་ལུགས་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་། དེའི་མགོ་མཇུག་བར་གསུམ་དུ་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་ཁོང་དུ་ཆུད་པ་བྱས་ཏེ། གཞུང་ལུགས་སྟེང་གི་རིག་པ་གསལ་པོ་ཡིས་ཆབ་སྲིད་སྟེང་གི་བློ་ཐག་རྦད་ཆོད་ལ་ཁག་ཐེག་བྱེད་དགོས། དམག་དཔུང་གི་མགོ་ཁྲིད་དང་ནང་སྒོས་སུ་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་ཏང་ནང་གི་ཆབ་སྲིད་འཚོ་བར་གཟབ་ནན་བྱེད་པ་དང་། བདེན་གཏམ་བཤད་པའི་སྣེ་ཁྲིད་པ་ལེགས་པོ་བྱེད་པ། བཟོད་སྒོམ་ཐུབ་པའི་ཡ་རབས་ཀྱི་སྤྱོད་བཟང་སྐྱེད་སྲིང་བྱེད་པ་བཅས་བྱས་ཏེ། དོན་དངོས་བརྗོད་པ་དང་ཇུས་ལེགས་འབུལ་བ། འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན་དགོས།
             ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རེའི་ཏང་ནི་ནམ་ཡང་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པས། རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་གང་ཡང་མེད་ལ། སྒེར་གཉེར་རུལ་སུངས་ཀྱི་བསམ་བློ་དང་བྱ་སྤྱོད་ཡོད་ཚད་ཏང་གི་ངོ་བོའམ་དམིགས་ཡུལ་དང་འགལ་ཡོད། དམག་དཔུང་གི་རིམ་པ་སོ་སོའི་ལས་བྱེད་པས་རང་རྟོགས་སྒོས་རང་རང་གི་གོ་གནས་ཤེས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་ནས་བརྟན་པོར་ལངས་པ། མང་ཚོགས་དང་ཁ་བྲལ་དུ་སོང་བའི་སྒེར་སེམས་དང་བསམ་བློ་སྣ་ཚོགས་ཁྱད་དུ་གསོད་པ་བཅས་བྱེད་དགོས། མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་རང་རེའི་ཏང་དང་རང་རེའི་དམག་དཔུང་གི་སྲོལ་རྒྱུན་ལེགས་པོ་སླར་གསོ་དང་དར་སྤེལ་གཏོང་བ་དང་། དཔོན་ཉམས་དོར་བ་དང་གསར་བརྗེ་དམག་མིའི་རང་མདངས་མི་ཡལ་བར་བྱས་ཏེ། དམག་དཔུང་དུ་སྲོལ་གསར་སྤྱོད་བཟང་ཆགས་སུ་འཇུག་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་རྟོགས་པ་དང་གུས་སྐྲག་ཡོད་པར་བྱས་ཏེ། སྒྲིག་ཁྲིམས་དང་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བར་བྱེད་དགོས་པ་ལས། སྒྲིག་ཁྲིམས་དང་ལམ་ལུགས་སྲུང་བར་དམིགས་བསལ་མེད་པ་དང་སྒྲིག་ཁྲིམས་དང་ལམ་ལུགས་ལག་བསྟར་བྱེད་པར་ཡང་དམིགས་བསལ་མེད་པ་བྱེད་དགོས།
             ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་ཏང་དང་རང་རེའི་དམག་དཔུང་ནི་ནོར་འཁྲུལ་གྱི་བསམ་བློ་ཀུན་སྤྱོད་སྣ་ཚོགས་དང་འཐབ་རྩོད་བྱེད་པའི་ཁྲོད་ནས་བསྟུད་མར་འཕེལ་རྒྱས་དང་རྒྱ་བསྐྱེད་པ་ཞིག་ཡིན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག མི་དམངས་དམག་དཔུང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་སྔར་ལས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ།གསར་བརྗེ་སྔོན་རབས་པ་རྣམས་ལ་ངོ་གནོང་མི་དགོས་པ་དང་ལོ་བརྒྱའི་རྨང་གཞིའི་ལས་དོན་ལ་ངོ་གནོང་མི་དགོས་པ། རླབས་ཆེན་དུས་རབས་ཀྱི་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་གཏོང་བ་ལ་ངོ་གནོང་མི་དགོས་པའི་ལེའུ་གསར་པ་འབྲི་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།
             ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲེང་རྨིན་གྱིས་མགོ་རྩོམ་མཛད་སྒོར་མགོ་འཛིན་གནང་། དམག་ཡོངས་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོའི་སློབ་མ་དང་། དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིན་དུ་སྡོད་པའི་དམག་འབྲེལ་ལས་ཁུངས་ཀྱི་བློ་མཐུན་འགན་འཁུར་པ་གཙོ་བོ་སོགས་མཛད་སྒོར་ཞུགས། མགོ་རྩོམ་མཛད་སྒོ་ནི་ཁ་པར་དང་བརྙན་འཕྲིན་གྱི་ལམ་ནས་འཚོགས་ཤིང་། དམག་ཡོངས་ཀྱི་ཅུན་རིམ་པ་ཡན་གྱི་འབྲེལ་ཡོད་སྡེ་ཚན་དུ་ཡན་ལག་ཚོགས་ར་བཙུགས་ཡོད།

རྩོམ་སྒྲིག་པ། རིག་གྲོལ།