ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལུའོ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ལཱ་ཧྥུའུ་ལུའོ་ཧྥུའུ་ལ་ངས་ཙུང་ཐུང་ཕུའུ་ཅིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་རོགས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་ཡིན་ལ། 《ཀྲུང་ཨུའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》བཞག་ནས་ལོ་25འཁོར་བའི་ལོ་ཞིག་ཀྱང་ཡིན། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་པས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། འགྱུར་ལྡོག་ཆེ་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་ཨུའི་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་རྩ་ཆེ་བ་དང་། 《ཀྲུང་ཨུའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》གི་གསོན་ཤུགས་ཆེ་བ་དང་དཔེ་སྟོན་གྱི་དོན་སྙིང་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཕྱོགས་གཉིས་པོས་ནུས་ཤུགས་ཡོད་རྒུས་ང་དང་ཙུང་ཐུང་ཕུའུ་ཅིང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་ཕྱི་འབྲེལ་མཐུན་སྦྱོར་དམ་ཟབ་བྱས་ཏེ། ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་བས་མཐོ་བ་དང་། དེ་བས་བརྟན་པ། དེ་བས་རིང་བ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་བརྒྱར་འཕྲད་མ་མྱོང་བའི་དུས་འགྱུར་ཆེན་པོའི་མདུན་དུ་ཀྲུང་ཨུས་དེ་བས་དམ་ཟབ་དང་ནུས་ལྡན་གྱི་འཐབ་ཇུས་མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས། རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཁུར་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་སེམས་མཚོན་པར་བྱེད་དགོས། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་རྒྱབ་སྐྱོར། ཐུན་མོང་འཕེལ་རྒྱས་བཅས་ཡོང་བར་བྱས་ཏེ་རང་ངོས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས། ཁྱིམ་མཚེས་རྒྱལ་ཁབ་དང་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཕྱོགས་ཡོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། རང་སོ་སོའི་འཕེལ་རྒྱས་ཀྱི་མཉེན་ཆ་ཆེ་རུ་གཏོང་དགོས། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་ལེན་བསྟར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གསོན་ཤུཌ་འཕེལ་བར་བྱེད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་འབོ་གསེར་རྒྱལ་ཁབ་སོགས་ཀྱི་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས། ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་ལུགས་བརྒྱུད་བསྒྲགས་གནང་ཞིང་། ཁོང་གིས་གསུངས་དོན། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་ཁྲོད་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་མཉེན་ཤུགས་ཆེ་བ་དང་། ཚོང་དོན་མ་འཇོག་མཉམ་ལས་ཀྱི་འཕེལ་ཕྱོགས་ལེགས་པ། མི་ཆོས་རིག་གནས་སྤེལ་རེས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་དང་མཐུན་སྦྱོར་ཟབ་པ་བཅས་ཡོད། ཛ་དྲག་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཏན་ཏིག་དང་། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་བཏང་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
རྩོམ་སྒྲིག་པ། རིག་གྲོལ།