ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སུའུ་ལིན་དང་མཉམ་དུ་ཀྲུང་ཡོ་ན་གཞོན་འཐུས་མིར་ཐུག་འཕྲད་གནང་བ།

སྤེལ་དུས 2026-04-17 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།


ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་མཉམ་དུ"གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་འགྲུལ་བཞུད"ཅེས་པའི་ཀྲུང་གོ་དང་ཡོ་ནན་གྱི་ན་གཞོན་འཐུས་མིར་ཐུག་འཕྲད་གནང་།

            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་མཉམ་དུ"གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་འགྲུལ་བཞུད"ཅེས་པའི་ཀྲུང་གོ་དང་ཡོ་ནན་གྱི་ན་གཞོན་འཐུས་མིར་ཐུག་འཕྲད་གནང་།

            ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ན་ནིང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གཉིས་ཀྱིས"གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འགྲུལ་བཞུད"ཀྱི་རྣམ་གྲངས་སྤེལ་མགོ་བཙུགས་པ་དང་། ལོ་གཅིག་རིང་། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་ཐུན་མོང་ཐོག་ཀྲུང་གོ་དང་ཡོ་ནན་གྱི་མཛའ་གྲོགས་ཀྱི་གསར་བརྗེའི་གཞི་རྒྱུ་འཚོལ་ཞིབ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་སྣ་ཚོགས་ལ་རོལ་མྱོང་བྱས་ནས། ཀྲུང་གོའི་ས་གནས་ཁག་ཏུ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་མཛའ་བརྩེའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་མང་པོ་བཞག་ཡོད། ཉེ་སྔོན་ང་ལ་ཡོ་ནན་ཧི་ནེའི་རྒྱལ་ཁབ་སློབ་ཆེན་གྱི་ཕྱི་རྒྱལ་སྐད་ཡིག་ཞོར་གཏོགས་འབྲིང་རིམ་སློབ་གྲྭའི་སློབ་གྲོགས་ཚོས་རྒྱ་ཡིག་ཐོག་ནས་བྲིས་པའི་འཕྲིན་ཡིག་འབྱོར་བ་དང་། "གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འགྲུལ་བཞུད"ནང་ཞུགས་པའི་མྱོང་ཚོར་ཟབ་མོ་མཉམ་སྤྱོད་བྱས་ཤིང་། ཀྲུང་གོ་དང་ཡོ་ནན་དབར་གྱི་མཛའ་གྲོགས་རྒྱུན་འཛིན་པ་དང་བརྒྱུད་སྤེལ་བྱེད་མཁན་བྱ་རྒྱུའི་སེམས་ཐག་བཅད་པས། ང་ལ་དགའ་ཚོར་ཆེན་པོ་བྱུང་།

            ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཞོན་ནུ་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྐྱེ་ལྡན་སྟོབས་ཤུགས་ཤིག་ཡིན་ལ། ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་བྱ་གཞག་རྒྱུན་འཛིན་བྱེད་མཁན་ཡང་ཡིན། ངས་ལྷན་རྒྱས་ལ་རེ་བ་གསུམ་འདོན་རྒྱུ་སྟེ། གཅིག་ནི་ཁྱེད་ཚོས་ཕན་ཚུན་ལྟ་སྲུང་རོགས་རེས་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི"བློ་མཐུན་དང་སྤུན་ཟླའི"བརྩེ་དུང་ཟབ་མོས་ལང་ཚོའི་འོད་སྟོང་སྐུལ་སློང་བྱེད་པ་དང་། གཉིས་ནི་ཁྱེད་ཚོས་འགན་འཁྲི་ཕྲག་ཏུ་འཁུར་ནས་ལང་ཚོའི་གསོན་ཤུགས་དང་གསར་གཏོད་ནུས་ཤུགས་ལ་བརྟེན་ནས་གསར་གཏོད་དང་སྒོ་དབྱེ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་སྐྱེ་སྟོབས་སྐུལ་སློང་བྱེད་པ། གསུམ་ནི་ཁྱེད་ཚོས་སེམས་སུ་གནམ་འོག་བཅངས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་གདོང་ལེན་རུ་ཁག་བརྩོན་ལེན་བྱས་ཏེ། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་བཅས་ཡིན།

            སུའུ་ལིན་གྱིས་བསྟན་དོན།"གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འགྲུལ་བཞུད"སྤེལ་མགོ་ཚུགས་ནས་ལོ་གཅིག་རིང་ཡོ་ནན་གྱི་གཞོན་ནུ་སྟོང་ཕྲག་ལྷག་གིས་མགོ་ཁྲིད་པ་རྒན་རབས་ཀྱི་རྗེས་ཤུལ་དེད་དེ། ཀྲུང་གོའི་གསར་བརྗེའི་རྗེས་ཤུལ་དུ་འཚམས་འདྲིར་ཕེབས་ནས། རྒྱལ་ཁབ་གཉིས་ཀྱི་གསར་བརྗེའི་སྲོལ་རྒྱུན་དང་མཛའ་གྲོགས་ཟབ་མོར་ཤེས་རྟོགས་བྱུང་ཡོད། གཞོན་ནུ་ནི་ཡོ་ནན་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཟམ་པ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་ཕུགས་བསམ་དང་དད་སེམས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཚན་རིག་གི་ཤེས་བྱ་ཁོང་དུ་ཆུད་པ། ཡོ་ནན་དང་ཀྲུང་གོའི་འབྲེལ་བའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་ཐད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད།

            "གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འགྲུལ་བཞུད"ཀྱི་བྱེད་སྒོར་ཞུགས་མཁན་ཡོ་ནན་ཕྱོགས་ཀྱི་གཞོན་ནུའི་འཐུས་མི200ལྷག་དང་ཀྲུང་གོ་ཕྱོགས་ཀྱི་གཞོན་ནུའི་འཐུས་མི100ལྷག་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་གནང་བའི་གསུང་བཤད་གལ་ཆེན་ལ་སྤྲོ་སེམས་འཁོལ་བའི་ཐལ་མོ་བརྡབས།

            "གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འགྲུལ་བཞུད"ཀྱི་བྱེད་སྒོ་དེ་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་ཟླ4པར་ཡོ་ནན་དུ་འཚམས་འདྲི་གནང་སྐབས་སུའུ་ལིན་དང་མཉམ་དུ་ཁྱབ་བསྒྲགས་བྱས་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་རྒན་རབས་ཀྱི་གསར་བརྗེའི་རྗེས་ཤུལ་དེད་དེ། ཀྲུང་གོ་དང་ཡོ་ནན་གྱི་མཛའ་གྲོགས་ཀྱི་གསར་བརྗེའི་གཞི་རྒྱུ་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་སྐུལ་མ་གཏོང་རྒྱུ་དེ་རེད། 

            ཚའེ་ཆི་དང་ཝང་དབྱི། དབྱིན་ལི། ཝང་ཞའོ་ཧུང་སོགས་ཞུགས་ཡོད།

རྩོམ་སྒྲིག་པ། རིག་གྲོལ།