ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གསར་ཤོས།

བོད་བརྒྱུད་ནང་བསྟན་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་དང་གདན་ཞུས་ལས་བསྐོས་བྱེད་ཐབས།

སྤེལ་དུས 2026-02-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

            དོན་ཚན་དང་པོ། བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དོ་དམ་ཚད་ལྡན་བཟོ་བ་དང་། བོད་བརྒྱུད་ནང་བསྟན་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་དང་གདན་ཞུས་ལས་བསྐོས་ལས་དོན་ཡག་པོ་སྒྲུབ་པའི་ཆེད་དུ།《ཆོས་ལུགས་ལས་དོན་སྲོལ་ཡིག》དང་།《ཆོས་ལུགས་ཀྱི་ཆོས་དོན་མི་སྣ་དོ་དམ་བྱེད་ཐབས།》《བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་བྱེད་ཐབས།》དེ་བཞིན་《ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག》སོགས་འབྲེལ་ཡོད་གཏན་འབེབས་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དང་ཆོས་ཁྲིམས་གཞིར་བཟུང་ནས་བྱེད་ཐབས་འདི་བཟོས་པ་ཡིན། 

            དོན་ཚན་གཉིས་པ། བྱེད་ཐབས་འདིར་བརྗོད་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་རྒན་(གཤམ་དུ་དགེ་རྒན་ཞེས་ཟེར་རྒྱུ་)ཞེས་པ་ནི་ཁྲིམས་ལྟར་ཐོ་འགོད་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་ཡུལ་(གཤམ་དུ་དགོན་པ་ཞེས་ཟེར་རྒྱུ་)ལམ་ཡང་ན་བོད་བརྒྱུད་ནང་བསྟན་སློབ་གླིང་(གཤམ་དུ་ནང་བསྟན་སློབ་གླིང་ཞེས་ཟེར་རྒྱུ་)དུ་ཆེད་མངག་ནང་བསྟན་གྱི་ཆོས་དོན་དང་ཆོས་ཁྲིམས། གསུང་རབ། རིག་གནས་ཤེས་བྱ་བཅས་སློབ་ཁྲིད་གནང་མཁན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་མི་སྣ་ལ་ཟེར། 

            དོན་ཚན་གསུམ་པ། དགེ་རྒན་གདན་ཞུས་ལས་བསྐོས་ལམ་ལུགས་ལག་ལེན་བསྟར་རྒྱུ་དང་། དགེ་རྒན་ལ་གདན་ཞུས་ལས་བསྐོ་བྱེད་པར་དགེ་རྒན་གྱི་ཐོབ་ཐང་ཡོད་དགོས། 

            དོན་ཚན་བཞི་པ། དགེ་རྒན་གྱི་ཐོབ་ཐང་རེ་འདུན་ཞུ་བར་གཤམ་གསལ་གཞི་རྩའི་ཆ་རྐྱེན་དག་འཛོམས་དགོས་པ་སྟེ། 

            (གཅིག) བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་མི་སྣར་ངོས་འཛིན་བྱས་ཟིན་པ། 

            (གཉིས།) ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ངམ་ཡང་ན་ཞིང་ཆེན་རིམ་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྤྲད་པའི་ནང་བསྟན་ཡོན་གནས་དང་། ཡང་ན་སྲོལ་རྒྱུན་གྱི་ནང་བསྟན་བསླབ་གནས་དང་། ཡང་ན་དེ་མཚུངས་ཀྱི་ནང་བསྟན་སྐོར་གྱི་ཤེས་བྱ་ལྡན་པ་དང་། ནང་བསྟན་གྱི་ཆོས་དོན་དང་ཆོས་ཁྲིམས། གསུང་རབ། རིག་གནས་ཤེས་བྱ་བཅས་སློབ་ཁྲིད་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཡོད་པ། 

            (གསུམ།) སྡོམ་ཁྲིམས་དམ་པོར་སྲུང་བ་དང་། སྤྱོད་ལམ་ཀུན་གྱིས་ཁས་ལེན་པ། 

            (བཞི།) དགོན་པའི་དོ་དམ་རྩ་འཛུགས་དང་ནང་བསྟན་སློབ་གླིང་གི་དོ་དམ་དང་ལེན་དང་། དགོན་པའི་གྲྭ་བཙུན་དང་ནང་བསྟན་སློབ་གླིང་གི་སློབ་མ་དང་དེ་བཞིན་ཆོས་དད་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན། དགོན་པ་གནས་སའི་ཆོས་ལུགས་ལས་དོན་སྡེ་ཁག་དང་ནང་བསྟན་མཐུན་ཚོགས་ཀྱི་མཛུབ་སྟོན་དང་ལྟ་སྐུལ་དང་ལེན་བཅས་བྱེད་པ། 

            (ལྔ།) ལུས་སེམས་བདེ་ཐང་ཡིན་པ་དང་། གྲྭ་བཙུན་ལ་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ཀ་སྤེལ་བར་འཇོན་པ། 

            དོན་ཚན་ལྔ་པ། དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་བྱ་རྒྱུ་དེ་གང་དེ་གནས་སའི་དགོན་པའི་དོ་དམ་རྩ་འཛུགས་བརྒྱུད་ནས་རེ་འདུན་ཞུ་རིགས། གཤམ་གསལ་འགྲོ་ལུགས་འགྲིམ་དགོས་པ་སྟེ། 

            (གཅིག) རང་ཉིད་ཀྱིས་རང་གནས་སའི་དགོན་པའི་དོ་དམ་རྩ་འཛུགས་ལ་རེ་འདུན་ཞུ་བ་དང་། དགོན་པའི་དོ་དམ་རྩ་འཛུགས་ཀྱིས་ཞིབ་དཔྱད་བྱས་ཏེ་མོས་མཐུན་བྱུང་རིགས། དགོན་པ་གང་དེ་གནས་སའི་རྫོང་(གྲོང་ཁྱེར་དང་། ཆུས། ཆི་)ནང་བསྟན་མཐུན་ཚོགས་ལ་སྙན་སེང་ཞུ་དགོས། 

            (གཉིས།) རྫོང་(གྲོང་ཁྱེར་དང་། ཆུས། ཆི་)ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་དཔྱད་བསམ་འཆར་བཏོན་རྗེས། ཆུས་བཙུགས་པའི་གྲོང་ཁྱེར་(ས་གནས་དང་། ཁུལ། མེང་)ནང་བསྟན་མཐུན་ཚོགས་ལ་སྙན་སེང་ཞུ་དགོས། 

            (གསུམ།) ཆུས་བཙུགས་པའི་གྲོང་ཁྱེར་(ས་གནས་དང་། ཁུལ། མེང་)ནང་བསྟན་མཐུན་ཚོགས་ཀྱིས་དགེ་རྒན་གྱི་ཐོབ་ཐང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ཏེ། དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་བྱ་རྩིས་ཡོད་པའི་ཆོས་དོན་མི་སྣར་དཔྱད་བཤེར་བྱ་རྒྱུ་དང་། ཆ་རྐྱེན་དང་མཐུན་རིགས། ཡིག་རྒྱུགས་སྒྲིག་འཛུགས་བྱེད་དགོས། 

            དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ནི་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་པ་དང་། བོད་བརྒྱུད་ནང་བསྟན་སློབ་གླིང་གི་མི་སྣ། འབྲེལ་ཡོད་ཕྱོགས་ཀྱི་ཆེད་མཁས་པ་དང་མཁས་དབང་བཅས་ལས་གྲུབ། དཔྱད་ཞིབ་ཡིག་རྒྱུགས་སྐོར་གྱི་གནས་ཚུལ་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ལ་སྙན་སེང་ཞུ་རྒྱུ། 

            རྫོང་(གྲོང་ཁྱེར་དང་། ཆུས། ཆི་)དང་། ཆུས་བཙུགས་པའི་གྲོང་ཁྱེར་(ས་གནས་དང་། ཁུལ། མེང་)ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་དཔྱད་བསམ་འཆར་མ་བཏོན་གོང་དང་ཡང་ན་ངོས་འཛིན་བྱ་རྒྱུའི་ཆོད་དོན་མ་བཞག་གོང་། རིམ་པ་དེ་གའི་ཆོས་ལུགས་ལས་དོན་སྡེ་ཁག་གི་བསམ་འཆར་ཡིག་ཐོག་ནས་བསྡུ་ལེན་བྱེད་དགོས། 

            ས་གནས་དེའི་རྫོང་(གྲོང་ཁྱེར་དང་། ཆུས། ཆི་)ནང་བསྟན་མཐུན་ཚོགས་མེད་རིགས། ཆུས་བཙུགས་པའི་གྲོང་ཁྱེར་(ས་གནས་དང་། ཁུལ། མེང་)ནང་བསྟན་མཐུན་ཚོགས་ལ་སྙན་སེང་ཞུ་རྒྱུ། 

            (བཞི།) ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་དཔྱད་བྱས་པ་བརྒྱུད་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡིག་ཐོག་ནས་བསམ་འཆར་བསྡུ་ལེན་བྱས་རྗེས་ངོས་འཛིན་བྱ་རྒྱུའི་ཆོད་དོན་འཇོག་པ་དང་། བོད་བརྒྱུད་ནང་བསྟན་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་སྤྲོད་རྒྱུ་མ་ཟད། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ། 

            དོན་ཚན་དྲུག་པ། དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་བྱ་རྒྱུ་དེ་ནང་བསྟན་སློབ་གླིང་བརྒྱུད་ནས་རེ་འདུན་ཞུ་རིགས། གཤམ་གསལ་འགྲོ་ལུགས་འགྲིམ་ལུགས་དགོས་པ་སྟེ། 

            རང་ཉིད་ཀྱིས་གང་དེ་གནས་སའི་ནང་བསྟན་སློབ་གླིང་ལ་རེ་འདུན་ཞུས་པ་དང་། ནང་བསྟན་སློབ་གླིང་གིས་ཞིབ་དཔྱད་བྱས་ནས་མོས་མཐུན་བྱུང་རིགས། རེ་འདུན་ཞུ་མཁན་གནས་སའི་དགོན་པའི་དོ་དམ་རྩ་འཛུགས་དང་ས་གནས་གང་དེའི་རྫོང་(གྲོང་ཁྱེར་དང་། ཆུས། ཆི་)ནང་བསྟན་མཐུན་ཚོགས་ལ་ཡིག་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་དགོས། 

            ཞིང་ཆེན་(རང་སྐྱོང་ལྗོངས་)བོད་བརྒྱུད་ནང་བསྟན་སློབ་གླིང་བརྒྱུད་དེ་དགེ་རྒན་གྱི་ཐོབ་ཐང་རེ་འདུན་ཞུ་རིགས། ད་དུང་རེ་འདུན་ཞུ་མཁན་གནས་སའི་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་དང་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ཆོས་ལུགས་ལས་དོན་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱེད་དགོས། དེ་རྗེས་ཞིང་ཆེན་(རང་སྐྱོང་ལྗོངས་)བོད་བརྒྱུད་ནང་བསྟན་སློབ་གླིང་གིས་དགེ་རྒན་གྱི་ཐོབ་ཐང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ཐོག་བཙུགས་ཏེ། དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་བྱ་རྩིས་ཡོད་པའི་མི་སྣར་དཔྱད་ཞིབ་བྱེད་པ་དང་ཡིག་རྒྱུགས་སྒྲིག་འཛུགས་བྱེད་དགོས། དཔྱད་ཞིབ་དང་ཡིག་རྒྱུགས་ཀྱི་ཚད་གཞི་ལོན་པ་རྣམས་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ཀྱིས་བྱེད་ཐབས་འདིའི་དོན་ཚན་ལྔ་པའི་ཡང་གསེས་དོན་ཚན་(བཞི་)པའི་ལས་རིམ་ལྟར་ངོས་འཛིན་བྱེད་པ་དང་ཐོ་འགོད་སྙན་སེང་ཞུ་རྒྱུ། 

            ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བརྒྱུད་དེ་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་བྱས་རིགས། ད་དུང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་རེ་འདུན་ཞུ་མཁན་གནས་སའི་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ཆོས་ལུགས་ལས་དོན་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱེད་དགོས། དེ་རྗེས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་དགེ་རྒན་གྱི་ཐོབ་ཐང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ཐོག་བཙུགས་ཏེ། དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་བྱ་རྩིས་ཡོད་པའི་མི་སྣར་དཔྱད་ཞིབ་དང་ཡིག་རྒྱུགས་སྒྲིག་འཛུགས་བྱེད་དགོས། དཔྱད་ཞིབ་དང་ཡིག་རྒྱུགས་ཀྱི་ཚད་གཞི་ལོན་པ་རྣམས་ལ་ངོས་འཛིན་བྱ་རྒྱུའི་ཆོད་དོན་འཇོག་པ་དང་། བོད་བརྒྱུད་ནང་བསྟན་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་སྤྲོད་རྒྱུ་མ་ཟད། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ། 

            དོན་ཚན་བདུན་པ། བོད་བརྒྱུད་ནང་བསྟན་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་ནི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལྟ་ཞིབ་འོག་བཟོ་རྒྱུ། 

            དོན་ཚན་བརྒྱད་པ། དགོན་པས་དགེ་རྒན་གདན་ཞུ་བྱེད་སྐབས། གདན་ཞུ་བྱ་རྩིས་ཡོད་པའི་དགེ་རྒན་གྱི་འོས་མི་ནི་དགོན་པ་གང་དེའི་དོ་དམ་རྩ་འཛུགས་ཀྱིས་དགོན་པ་དེ་གའི་གྲྭ་བཙུན་གྱི་འདོད་བློ་ལྟར། དམངས་གཙོས་གྲོས་མོལ་བྱས་རྗེས་འོས་མིའི་མིང་འདོན་རྒྱུ། དགོན་པ་དེ་གའི་མ་ཡིན་པའི་དགེ་རྒན་གདན་ཞུས་ལས་བསྐོ་བྱ་རྩིས་ཡོད་རིགས། དགོན་པའི་དོ་དམ་རྩ་འཛུགས་ཀྱིས་དགེ་རྒན་གནས་སའི་དགོན་པའི་དོ་དམ་རྩ་འཛུགས་ཀྱི་མོས་མཐུན་ཡང་ཐོབ་པ་བྱེད་དགོས། དགོན་པས་གདན་ཞུ་བྱ་རྩིས་ཡོད་པའི་དགེ་རྒན་གྱི་འོས་མིར་ཆོག་མཆན་ཐོབ་རྗེས། དགོན་པའི་དོ་དམ་རྩ་འཛུགས་ཀྱིས་《ཆོས་ལུགས་ཀྱི་ཆོས་དོན་མི་སྣ་དོ་དམ་བྱེད་ཐབས་》ཀྱི་ནང་འཁོད་གཏན་འབེབས་ལྟར། དགོན་པ་གནས་སའི་རྫོང་རིམ་པའི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ། 

            ཡུལ་གཞན་ནས་དགེ་རྒན་གདན་ཞུས་ལས་བསྐོ་བྱེད་རིགས། 《བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་བྱེད་ཐབས་》ཀྱི་དོན་ཚན་ཉེར་བཞི་པའི་ནང་འཁོད་གཏན་འབེབས་ལྟར། དགོན་པ་དེ་གའི་དོ་དམ་རྩ་འཛུགས་དང་ས་གནས་དེའི་ནང་བསྟན་མཐུན་ཚོགས་ཀྱི་མོས་མཐུན་ཐོབ་དགོས་པ་མ་ཟད། གདན་ཞུ་བྱ་ཡུལ་གྱི་དགོན་པ་གནས་སའི་ནང་བསྟན་མཐུན་ཚོགས་དང་དགོན་པའི་དོ་དམ་རྩ་འཛུགས་ཀྱི་མོས་མཐུན་ཐོབ་རྗེས། དགོན་པ་གནས་སའི་ནང་བསྟན་མཐུན་ཚོགས་དང་གདན་ཞུ་བྱ་ཡུལ་གྱི་ནང་བསྟན་མཐུན་ཚོགས་ཀྱིས་སོ་སོར་ས་གནས་དེ་གའི་རྫོང་རིམ་པ་དང་དེའི་ཡན་གྱི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ། 

            དོན་ཚན་དགུ་པ། དགོན་པའི་དོ་དམ་རྩ་འཛུགས་ཀྱིས་གདན་ཞུ་དང་ལེན་བྱེད་མཁན་དགེ་རྒན་བར་གདན་ཞུས་ལས་བསྐོས་ཀྱི་གྲོས་མཐུན་འཇོག་དགོས་པ་དང་། ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་གཏན་འབེབས་ཁ་གསལ་བཟོ་དགོས། 

            དགེ་རྒན་གྱི་གདན་ཞུས་ལས་བསྐོའི་ཡུན་ཚད་སྤྱིར་བཏང་ལོ5ལས་བརྒལ་མི་རུང་། དུས་ཚད་འཐིམ་རྗེས་བྱེད་ཐབས་འདིའི་དོན་ཚན་བརྒྱད་པའི་གཏན་འབེབས་ཀྱི་ལས་རིམ་ལྟར་མུ་མཐུད་གདན་ཞུ་བྱེད་དགོས། 

            དོན་ཚན་བཅུ་པ། ནང་བསྟན་སློབ་གླིང་གིས་དགེ་རྒན་གདན་ཞུ་བྱ་རྒྱུ་ནི་《ཆོས་ལུགས་སློབ་ཆེན་དང་སློབ་གླིང་གི་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་དང་གོ་མིང་དཔྱད་ཞིབ་བྱེད་ཐབས་》ལྟར་ལག་བསྟར་བྱ་རྒྱུ། 

            ནང་བསྟན་སློབ་གླིང་གིས་དགེ་རྒན་གདན་ཞུས་ལས་བསྐོ་བྱ་རྒྱུའི་ཆོད་དོན་བཞག་རྗེས། བྱེད་ཐབས་འདིའི་དོན་ཚན་བརྒྱད་པའི་ནང་འཁོད་གཏན་འབེབས་ལྟར་ཐོ་འགོད་སྙན་སེང་ཞུ་རྒྱུ། 

            དོན་ཚན་བཅུ་གཅིག་པ། དགེ་རྒན་གྱིས་གཤམ་གསལ་འགན་འཁྲི་སྒྲུབ་དགོས་པ་སྟེ། 

            (གཅིག) ཆོས་སྦྱོང་མཁན་གྲྭ་བཙུན་ལ་ནང་བསྟན་གྱི་ཆོས་དོན་དང་ཆོས་ཁྲིམས། གསུང་རབ། རིག་གནས་ཤེས་བྱ་བཅས་སློབ་ཁྲིད་བྱེད་དགོས། 

            (གཉིས།) བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ནང་བསྟན་གྱི་གསུང་རབ་སྔོག་འདོན་དང་། ལེགས་སྒྲིག ཞིབ་འཇུག་བཅས་བྱས་ཏེ་ཆོས་དོན་དང་ཆོས་ཁྲིམས་ལ་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་དགོངས་འགྲེལ་བྱེད་དགོས། 

            (གསུམ།) དགོན་པའི་དོ་དམ་རྩ་འཛུགས་དང་། ནང་བསྟན་སློབ་གླིང་ལ་ཆོས་སྦྱོང་མཁན་གྲྭ་བཙུན་གྱི་དོ་དམ་ལས་ཀ་ཡག་པོ་སྒྲུབ་རོགས་བྱས་ནས་གྲྭ་བཙུན་ལ་རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན། སྡོམ་སྲུང་ཁྲིམས་སྲུང་། དད་སྦྱོར་ཡང་དག་འཛིན་པ། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ་བཅས་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། དགོན་པའི་རྒྱུན་ལྡན་གྱི་སྒྲིག་ལམ་སྲུང་སྐྱོང་དང་། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྐུལ་སྤེལ་གཏོང་དགོས། 

            (བཞི།) རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་། ཆོས་དད་མང་ཚོགས་ལ་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་བཅས་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་དགོས། 

            དོན་ཚན་བཅུ་གཉིས་པ། ནང་བསྟན་མཐུན་ཚོགས་དང་དགོན་པའི་དོ་དམ་རྩ་འཛུགས་ཀྱིས་དུས་བཀག་ལྟར་དགོན་པའི་དགེ་རྒན་ལ་དཔྱད་ཞིབ་དང་གསོ་སྦྱོང་བྱེད་དགོས། 

            དོན་ཚན་བཅུ་གསུམ་པ། དགེ་རྒན་སྐྱ་སར་བབས་པ་དང་ཡང་ན་རྒྱུ་མཚན་གཞན་དག་དབང་གིས་ཆོས་དོན་མི་སྣའི་ཐོབ་ཐང་ཤོར་རིགས། དགེ་རྒན་གྱི་ཐོབ་ཐང་གི་ཆ་རྐྱེན་མེད་པར་གྱུར་པ་དང་། ས་གནས་དེའི་རྫོང་(གྲོང་ཁྱེར་དང་། ཆུས། ཆི་)ནང་བསྟན་མཐུན་ཚོགས་སམ་ཡང་ན་ནང་བསྟན་སློབ་གླིང་གིས་གནས་ཚུལ་དཔྱད་ཞིབ་བྱས་རྗེས། དུས་ཐོག་ཏུ་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ལ་སྙན་སེང་ཞུ་བ་མ་ཟད། དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་ཕྱིར་བསྡུ་རོགས་བྱེད་པ་དང་། གང་དེ་དགེ་རྒན་ལ་གདན་ཞུས་ལས་བསྐོ་བྱས་པའི་དགོན་པའམ་ཡང་ན་ནང་བསྟན་སློབ་གླིང་གིས་གང་དེ་བར་བཞག་པའི་གདན་ཞུས་ལས་བསྐོའི་གྲོས་མཐུན་རྩིས་མེད་དུ་གཏོང་དགོས། 

            དོན་ཚན་བཅུ་བཞི་པ། དགེ་རྒན་ལ་གཤམ་གསལ་གནས་ཚུལ་གང་རུང་ཞིག་བྱུང་རིགས། དགེ་རྒན་གྱི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་ཆད་པ་གཅོད་དགོས་པ་སྟེ། 

            (གཅིག) རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་བཅས་དང་འགལ་བའམ། ཡང་ན་ནང་བསྟན་གྱི་སྡོམ་ཁྲིམས་དང་འགལ་བའི་དབང་གིས་ཁ་ཏ་བསླབ་བྱ་བྱས་པ་དང་། ཆོས་དོན་མི་སྣའི་ཐོབ་ཐང་གནས་སྐབས་མཚམས་འཇོག་བྱེད་པའམ་ཡང་ན་ཕྱིར་འཐེན་བྱས་རིགས། 

            (གཉིས།) 《ཆོས་ལུགས་ལས་དོན་སྲོལ་ཡིག》དང་། 《ཆོས་ལུགས་ཀྱི་ཆོས་དོན་མི་སྣ་དོ་དམ་བྱེད་ཐབས།》《བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་བྱེད་ཐབས།》སོགས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལྟར་འགན་འཁྲི་མ་བསྒྲུབས་པའི་རིགས། 

            (གསུམ།) ནང་བསྟན་ཚོགས་པ་དང་དགོན་པས་བཟོས་པའི་སྒྲིག་སྲོལ་ལམ་ལུགས་དང་ནང་བསྟན་གྱི་སྡོམ་ཁྲིམས་དང་འགལ་རིགས། 

            (བཞི།) ནོར་དོན་དོ་དམ་ལམ་ལུགས་དང་འགལ་ནས། དགོན་པ་དང་ནང་བསྟན་སློབ་གླིང་གི་རྒྱུ་ནོར་ཧམ་ཟ་དང་། བག་མེད་ལོངས་སྤྱོད་བྱས་རིགས། 

            (ལྔ།) ཁ་ཕྲལ་གྱི་བསམ་བློ་སྒྲོག་སྤེལ་བྱས་ནས་གྲྭ་བཙུན་དང་ཆོས་དད་མང་ཚོགས་ལ་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྤེལ་བའི་ངན་སྐུལ་བྱས་རིགས། 

            དོན་ཚན་བཅོ་ལྔ་པ། དགེ་རྒན་ལ་དགེ་རྒན་གྱི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་ཆད་པ་གཅོད་རྒྱུའི་ཆོད་དོན་བཞག་རིགས། གཤམ་གསལ་ལས་རིམ་ལྟར་འཇོག་དགོས་པ་སྟེ། 

            (གཅིག) དགེ་རྒན་གནས་སའི་དགོན་པའི་དོ་དམ་རྩ་འཛུགས་སམ་ཡང་ན་གང་དེ་གནས་སའི་ནང་བསྟན་སློབ་གླིང་གིས་མཉམ་དུ་གྲོས་བསྡུར་བྱས་རྗེས་དགེ་རྒན་གྱི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་བསམ་འཆར་འདོན་རྒྱུ། 

            (གཉིས།) དགོན་པའི་དོ་དམ་རྩ་འཛུགས་ཀྱིས་ས་གནས་དེའི་རྫོང་(གྲོང་ཁྱེར་དང་། ཆུས། ཆི་)དང་ཆུས་བཙུགས་པའི་གྲོང་ཁྱེར་(ས་གནས་དང་། ཁུལ། མེང་)ནང་བསྟན་མཐུན་ཚོགས་ལ་ཞིབ་དཔྱད་བྱེད་པའི་སྙན་སེང་ཞུས་ཏེ་མོས་མཐུན་བྱུང་རྗེས། ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ལ་ཞིབ་དཔྱད་བྱེད་པའི་སྙན་སེང་ཞུ་རྒྱུ། 

            ཞིང་ཆེན་(རང་སྐྱོང་ལྗོངས་)བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཐད་ཀར་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ལ་ཞིབ་དཔྱད་བྱེད་པའི་སྙན་སེང་ཞུ་རྒྱུ། 

            རྫོང་(གྲོང་ཁྱེར་དང་། ཆུས། ཆི་)དང་ཆུས་བཙུགས་པའི་གྲོང་ཁྱེར་(ས་གནས་དང་། ཁུལ། མེང་)ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་དཔྱད་བསམ་འཆར་མ་བཏོན་གོང་། རིམ་པ་དེ་གའི་ཆོས་ལུགས་ལས་དོན་སྡེ་ཁག་གི་བསམ་འཆར་ཡིག་ཐོག་ནས་བསྡུ་ལེན་བྱེད་དགོས། 

            (གསུམ།) ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་དཔྱད་བྱས་ནས་མོས་མཐུན་བྱས་རྗེས། དགེ་རྒན་གྱི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་ཆོད་དོན་ལ་ནུས་པ་ཐོན་རྒྱུ། 

            ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་འབྲེལ་ཡོད་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡིག་ཐོག་ནས་བསམ་འཆར་བསྡུ་ལེན་བྱས་རྗེས། དགེ་རྒན་གྱི་ཐོབ་ཐང་ཕྱིར་འཐེན་བྱ་རྒྱུའི་ཆོད་དོན་བཞག་མ་ཐག་ནུས་པ་ཐོན་རྒྱུ། 

            (བཞི།) དགེ་རྒན་གྱི་ཐོབ་ཐང་ཕྱིར་འཐེན་བྱེད་པའི་ཆོད་དོན་ལ་ནུས་པ་ཐོན་རྗེས། གང་དེ་གནས་སའི་དགོན་པའམ་ཡང་ན་ནང་བསྟན་སློབ་གླིང་གིས་དགེ་རྒན་གྱི་དཔང་ཡིག་ཕྱིར་བསྡུ་བ་དང་འབྲེལ་གདན་ཞུས་ལས་བསྐོས་འབྲེལ་བ་རྩིས་མེད་དུ་གཏོང་རྒྱུ་མ་ཟད། ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ཆོས་ལུགས་ལས་དོན་སྡེ་ཁག་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ། 

            དོན་ཚན་བཅུ་དྲུག་པ། འབྲེལ་ཡོད་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ནང་བསྟན་མཐུན་ཚོགས་ཀྱིས་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་ལག་བསྟར་ཞིབ་སྲོལ་བཟོས་ཆོག

            དོན་ཚན་བཅུ་བདུན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་བྱེད་ཐབས་འདིར་འགྲེལ་བཤད་བྱེད་འགན་འཁུར་རྒྱུ། 

            དོན་ཚན་བཅོ་བརྒྱད་པ། བྱེད་ཐབས་འདི་སྤྱི་བསྒྲགས་བྱས་ཉིན་ནས་ལག་ལེན་དུ་བསྟར་རྒྱུ། 

            (2025ལོའི་ཟླ་6ཚེས་30ཉིན་ཀྲུང་གོ་ནང་བསྟན་མཐུན་ཚོགས་རྒྱུན་ལས་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་འཆམ་བྱུང་།)