ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > འཐུས་མི་དང་ཨུ་ཡོན།

རྒྱལ་བསྟན་བློ་བཟང་བྱམས་པས་ད་ཐེངས་བཏོན་པའི་གྲོས་འགོ

སྤེལ་དུས 2023-03-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     རྒྱལ་བསྟན་བློ་བཟང་བྱམས་པ་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འགོ་འཛིན། དཀར་མཛེས་རྫོང་དར་རྒྱས་དགོན་གྱི་སྤྲུལ་སྐུ་བཅས་ཡིན་ཞིང་། 1998ལོ་ནས་བཟུང་སྐབས་6བསྟུད་མར་མི་རིགས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་བསྟན་བློ་བཟང་བྱམས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་སྐོར་གྱི་གལ་ཆེའི་རྣམ་བཤད་ཀྱི་དུས་རབས་གསར་པའི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་གནང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཐོག ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། མེས་རྒྱལ་གོང་བུ་གཅིག་གྱུར། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་བཅས་འགན་འཁྲི་གལ་ཆེན་དུ་བརྩིས་ཤིང་། ཐོག་མཐའ་བར་གསུམ་དུ“མི་དམངས་རྩ་བའི་རྩེ་མོར་འཛིན་པ་དང་ཚེ་སྲོག་གོང་མའི་གོང་དུ་བཀུར་བའི”འདུ་ཤེས་ཐུགས་སུ་བརྟན་པོར་བཅངས་ཏེ་འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་གནང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པའི” གཟི་བརྗིད་ལྡན་པའི་འགན་འཁྲི་འཁུར་བཞིན་ཡོད།

     སྐབས་གོང་མ་འགའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐོག ཁོང་གིས་མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་དང་། གློག་ཤུགས། སློབ་གསོ། འཕྲོད་བསྟེན། འབྱུང་ཁམས། བཟའ་བཅའི་བདེ་འཇགས། ཧྥུལ་ཉུང་ཇ་ཁྱབ་གདལ་བཅས་དང་དེ་བཞིན་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་ཐད་གྲོས་འགོ་དང་གྲོས་གཞི་བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་དང་དང་ལེན་བྱས་ཡོད་པ་མ་ཟད། འབྲེལ་ཡོད་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད། གྲོས་འགོ་དང་གྲོས་གཞི་རེ་རེ་དོན་ཐོག་ཏུ་འཁྱོལ་བ་དེས་ཁོང་ལ་ལས་འགན་ལེགས་སྒྲུབ་ཀྱི་མྱོང་ཚོར་ཡོང་བ་དང་ཆབས་ཅིག ཁོང་ནས་རྩ་འཛུགས་ཀྱི་ཡིད་ཆེས་དང་མི་དམངས་མང་ཚོགས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བའི་ཕྱིར་སྔར་ལས་ལྷག་པའི་སྒོ་ནས་རང་འགན་གཙང་སྒྲུབ་དང་ནུས་པ་འདོན་རྒྱུར་སྐུལ་མ་ཐེབས་བཞིན་ཡོད།

      རྒྱལ་བསྟན་བློ་བཟང་བྱམས་པས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། ངས་ཐོག་མཐའ་བར་གསུམ་དུ་དཀར་མཛེས་ཁུལ་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལག་ལེན་དང་མི་རིགས་ས་ཁུལ་གྱི་དམངས་འཚོ་ལེགས་བཅོས། རིག་གནས་རྒྱུན་འཛིན་སོགས་ཀྱི་ལས་དོན་ལ་དོ་ཁུར་བྱེད་ཀྱི་ཡོད། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ངས་གྲོང་གསེབ་དར་རྒྱས་གཏོང་བའི་རྒྱབ་ལྗོངས་འོག་མི་རིགས་ས་ཁུལ་གྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོབ་གསར་སྤེལ་བེད་སྤྱོད་དང་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་མཐོ་གྲང་ས་བབ་མཐོ་བའི་ས་ཁུལ་དུ་དྭངས་གཙང་དྲོད་རླངས་མཁོ་འདོན་དང་གསོ་རླུང་མཁོ་འདོན་བྱ་རྒྱུ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་དམིགས་ཡོད་ཅེས་གསུངས།
      རྒྱལ་བསྟན་བློ་བཟང་བྱམས་པས། སྲོལ་རྒྱུན་གྲོང་སྡེ་ནི་ལོ་རྒྱུས་རིག་གནས་ཤུལ་བཞག་གལ་ཆེན་ཞིག་དང་། རིག་གནས་ཀྱི་བློ་སྤོབས་དང་མི་རིགས་ཀྱི་བློ་སྤོབས་མངོན་པའི་དངོས་པོའི་གཞི་རྟེན་ཞིག་རེད། རང་རྒྱལ་དུ་སྲོལ་རྒྱུན་གྲོང་སྡེའི་གྲངས་འབོར་ཧ་ཅང་མང་པོ་ཡོད་པས། གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན་པ་དང་། ཁོང་གིས་ད་དུང་། མིག་སྔར་མི་རིགས་ས་ཁུལ་དུ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་སྲོལ་རྒྱུན་གྲོང་སྡེ་དེ་བས་མང་བ་ཞིག་ལ་འབྱུང་ཁམས་ཁོར་ཡུག་ཞན་དུ་འགྲོ་བ་དང་། ལོ་རྒྱུས་ཀྱི་རྣམ་པ་ཉམས་ཞན་དང་ཁོག་སྟོང་དུ་གྱུར་པ། འཚོ་སྡོད་ཀྱི་ནུས་པ་ཞན་དུ་འགྲོ་བ་སོགས་ཀྱི་གནད་དོན་འཕྲད་ཡོད་པའི་ངོས་འཛིན་གནང་ཡོད།

     དེའི་ཐད་ཁོང་གིས། མི་རིགས་ས་ཁུལ་གྱི་སྲོལ་རྒྱུན་གྲོང་སྡེའི་རིག་གནས་སྲུང་སྐྱོབ་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་རང་བྱུང་རྣམ་པ་སོར་འཇོག་བྱེད་པ། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་གསར་སྤེལ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྲུང་སྐྱོབ་དང་གསར་སྤེལ་གལ་ཆེ་མཉམ་དུ་འཛིན་པའི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་པ་བཅས་བྱེད་པ་དང་ཆབས་ཅིག གྲོང་གསེབ་ཀྱི་དམངས་ཁྲོད་གནའ་བོའི་བཟོ་སྐྲུན་ལ་སྲུང་སྐྱོབ་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་ཡོད།
     རྒྱལ་བསྟན་བློ་བཟང་བྱམས་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་གཞན་དག་འཛུགས་སྐྲུན་འཕེལ་རྒྱས་དང་བསྡུར་ན་དཀར་མཛེས་ཁུལ་གྱི་གཅིག་སྡུད་ཐོག་ དྲོད་རླངས་མཁོ་འདོན་བྱ་རྒྱུ་དེ་ད་དུང་ཐོག་མའི་དུས་མཚམས་སུ་གནས་པ་དང་སྔར་བཞིན་ཉམས་ཞན་རྗེས་ལུས་ཡིན་པས། ཁུལ་ཡོངས་སུ་གཅིག་སྡུད་ཐོག་ཚ་དྲོད་མཁོ་འདོན་བྱེད་པའི་མ་ལག་སྐྲུན་མགྱོགས་སུ་གཏོང་རྒྱུ་དེ་དམངས་འཚོའི་ཁ་ཚ་དགོས་གཏུག་གི་བླང་བྱ་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་དཀར་མཛེས་ཁུལ་ཡོངས་ཀྱི་གསོ་རླུང་མཁོ་སྤྲོད་སྒྲིག་བཀོད་འཛུགས་སྐྲུན་དེ་ཡང་ཐོག་མའི་དུས་མཚམས་སུ་གནས་ཡོད་པ་དང་གསོ་རླུང་མཁོ་སྤྲོད་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་གཞན་དག་དང་བསྡུར་ན་ཅུང་རྗེས་ལུས་ཐེབས་ཡོད་པའི་ངོས་འཛིན་གནང་ཡོད། ཇི་ལྟར་བྱས་ནས་དྲོད་རླངས་མཁོ་འདོན་དང་གསོ་རླུང་མཁོ་འདོན་མགྱོགས་མྱུར་ངང་ཐག་གཅོད་བྱེད་དགོས་པའི་ཐད། རྒྱལ་བསྟན་བློ་བཟང་བྱམས་པས《སི་ཁྲོན་ནུབ་བྱང་གི་མཐོ་གྲང་ས་བབ་མཐོ་བའི་ས་ཁུལ་ལ་དྭངས་གཙང་ནུས་རྒྱུའི་དྲོད་རླངས་མཁོ་འདོན་གྱི་མ་དངུལ་ཁ་གསབ་དང་། སྲིད་ཇུས་ཀྱི་རོགས་སྐྱོར། གློག་སྤྱོད་རིན་གོང་གི་གཟིགས་སྐྱོང་བཅས་བྱེད་དགོས་པའི་སྐོར་གྱི་གྲོས་འགོ》ཕུལ་ཡོད། རྒྱལ་བསྟན་བློ་བཟང་བྱམས་པས། རྒྱལ་ཁབ་ཀྱིས་སི་ཁྲོན་ནུབ་བྱང་གི་མཐོ་གྲང་ས་བབ་མཐོ་བའི་ས་ཁུལ་དེ་དགུན་དུས་དྭངས་གཙང་དྲོད་ལེན་གྱི་ཁ་གསབ་སྤྲོད་པའི་རྒྱབ་སྐྱོར་ཁྱབ་ཁོངས་ནང་བཅུག་ནས་དྲོད་རླངས་མཁོ་འདོན་རྣམ་གྲངས་ཀྱི་ཆེད་སྤྱོད་མ་དངུལ་དང་། དྲོད་རླངས་མཁོ་འདོན་གྱི་འཛད་སྤྱོད་ཁ་གསབ། དེ་བཞིན་གཟིགས་སྐྱོང་གློག་རིན་སོགས་དེ་མཚུངས་ཀྱི་སྲིད་ཇུས་བརྩོན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།