ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > གསར་འགྱུར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་སྐྱིད་མཚོ་མོས་གསུངས་དོན།

སྤེལ་དུས 2024-03-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ རྩོམ་པ་པོ།
 
 
སྨན་སྐྱིད་མཚོ་མོས་བོད་ཀྱི་གསོ་བ་རིག་པའི་ཤེས་བྱ་སྒྲོག་འགྲེལ་གནང་བཞིན་པ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་སྐྱིད་མཚོ་མོ་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་བོད་ལུགས་གསོ་རིག་ཚན་ཁག་གི་དགེ་རྒན་ཆེན་མོ་བ་གཞོན་པ་དང་རང་སྐྱོང་ལྗོངས་རིམ་པའི་བོད་ལུགས་གསོ་བ་རིག་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་རེད།
            “རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་འགན་འཁྲི་ལ་གཟི་བརྗིད་ལྡན་ཞིང་། འགན་འཁྲི་ལྕི་བས་ཏང་དང་རྒྱལ་ཁབ་ཀྱི་ཡིད་ཆེས་ཆུད་ཟོས་སུ་མི་གཏོང་བར་ངེས་པར་དུ་སེམས་ཤུགས་ཡོད་རྒུ་བཏོན་ནས་འགན་འཁྲི་དེ་འཁུར་བ་དང་། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པ། འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བཅས་བྱེད་དགོས” རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་སྐྱིད་མཚོ་མོས་རང་ངོས་ཀྱི་འགན་འཁྲི་སྒྲུབ་པའི་འཇོན་ཐང་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོ་དང་། ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ལ་བརྩིས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་བ། སྲིད་ཞུགས་སྲིད་གླེང་གི་ནུས་པ་ཆེ་རུ་གཏོང་བ་བཅས་གནང་ཡོད།
            སྨན་སྐྱིད་མཚོ་མོས“འགན་འཁྲི་ཡག་པོ་སྒྲུབ་པའི་ལོ་གཅིག་རིང་གི་ལས་ཀར་ཕྱིར་ལྟ་བྱས་ཚེ་རང་ཉིད་མི་སྒེར་གྱི་ངོས་ནས་བརྗོད་ན་གྲུབ་འབྲས་ཆེན་པོ་ཐོབ་བྱུང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ད་ལྟའི་གནས་བབ་ལ་ཡིད་ཚིམ་ནས་མི་སྡོད་པ་དང་། རང་ཉིད་ཀྱི་རེ་བ་ལོ་རེ་བཞིན་ཆེ་རུ་གཏོང་རྒྱུ་དང་། འགན་འཁྲི་ཡང་དག་ཇི་ལྟར་སྒྲུབ་རྒྱུ་བཅས་ཀྱི་ཐད་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་ངས་རྒྱུན་ཆད་མེད་པར་བསམ་གཞིག་བྱེད་པ་དང་འབྲེལ་དེའི་ཆེད་འབད་བརྩོན་བྱེད་ཀྱི་ཡོད”ཅེས་གསུངས།
            ལས་འགན་གསར་པ་ཕྲག་ཏུ་ཁུར་ནས་གཟི་བརྗིད་གསར་པ་ཐོབ་པ། བོད་ལུགས་གསོ་བ་རིག་པ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ་སྨན་སྐྱིད་མཚོ་མོས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་གནང་ཡོད། ད་ལོ་ཁོང་གིས་གྲོས་གཞི་གཉིས་འཁྱེར་ནས་པེ་ཅིང་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་ཡོད། གྲོས་གཞི་གཅིག་ནི་བོད་ལུགས་གསོ་རིག་སློབ་ཆེན་དུ་ཕྱི་སྦྱོང་སློབ་མའི་སློང་གླིང་བཙུགས་ནས། ཀྲུང་གོར་ཤེས་རྟོགས་དང་། ཀྲུང་གོར་དགའ་ཞེན། ཀྲུང་གོར་བརྩེ་བ་བཅས་བྱེད་པའི་རྒྱལ་སྤྱིའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་ཀྲུང་གོའི་བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དེ་རེད། གཅིག་ཤོས་ནི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བཙུགས་ནས་བོད་ལུགས་གསོ་རིག་བརྟེན་ནས་ནད་ཐོག་སྨན་བཅོས་ཀྱི་དཀའ་གནད་ལྡན་པའི་ནད་གཞིར་དམིགས་སའི་རང་བཞིན་གྱི་ཞིབ་འཇུག་བྱ་རྒྱུ་དེ་རེད།
 
 
སྨན་སྐྱིད་མཚོ་མོས་འོས་འགན་སྨན་བཅོས་གནང་བཞིན་པ།
            བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་སློབ་ཆེན་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དུ་གནས་པ་དང་། དེ་ནི་སྨན་བཅོས་དང་། སློབ་ཁྲིད། ཞིབ་འཇུག་བཅས་གཞི་གཅིག་ཅན་གྱི་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་དང་། སྨན་རྫས་མཐོ་རིམ་སློབ་གྲྭ་ཞིག་ཡིན་པ་དང་། སློབ་གསོ་པུས་ཆོག་མཆན་སྤྲད་པའི་རྒྱལ་ཡོངས་ཀྱི་ལོགས་སུ་བཙུགས་པའི་བོད་ལུགས་གསོ་བ་རིག་པའི་མཐོ་རིམ་སློབ་གྲྭ་གཅིག་པུ་དེ་ཡིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས《བོད་ལྗོངས་ཀྱི་བོད་ལུགས་གསོ་བ་རིག་པའི“རྩེར་སོན་བཞིའི”འཛུགས་སྐྱོང་གི་ལག་བསྟར་བསམ་འཆར》ལ་དམ་པོར་དམིགས་པ་བཅས་ཀྱི་འཛམ་གླིང་གི་བོད་ལུགས་གསོ་རིག་སློབ་ཆེན་རྩེ་གྲ་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཡོད།
            ཇི་ལྟར་བྱས་ནས་འཛམ་གླིང་ཐོག་གི་རྩེར་སོན་བོད་ལུགས་གསོ་རིག་སློབ་ཆེན་ཞིག་གཏོད་དགོས་སམ། སྨན་སྐྱིད་མཚོ་མོས་ངེས་པར་དུ་འཛམ་གླིང་ཕྱོགས་སུ་བསྐྱོད་དེ་རྒྱལ་སྤྱིའི་རྩེར་སོན་ཤེས་ལྡན་པ་ཁག་གཅིག་བསྡུ་ལེན་དང་གསོ་སྐྱོང་བྱེད་དགོས་པའི་ངོས་འཛིན་གནང་བཞིན་ཡོད།
            མིག་སྔར་རྒྱལ་ཁབ་ཕྱི་ནང་དུ་བོད་ལུགས་གསོ་བ་རིག་པའི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། བོད་ལུགས་གསོ་བ་རིག་པ་ནི་ཀྲུང་གོའི་བོད་ལྗོངས་ནས་དར་བ་དང་། དེའི་འབྱུང་ཁུངས་ཡིན་པའི་བོད་ལྗོངས་ཀྱིས་ཕྱི་རྒྱལ་གྱི་བོད་ལུགས་གསོ་བ་རིག་པར་དགའ་པོ་བྱེད་མཁན་གྲངས་ལས་འདས་པའི་ཡིད་དབང་བཀུག་ཡོད། འོན་ཀྱང་མིག་སྔར་བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་སློབ་ཆེན་དུ་ད་དུང་ཕྱི་སྦྱོང་སློབ་མའི་སློབ་གླིང་བཙུགས་མེད་པས་རྒྱལ་སྤྱིའི་བོད་ལུགས་གསོ་བ་རིག་པར་དགའ་པོ་བྱེད་མཁན་ཚོའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་སློབ་ཆེན་གྱིས་འཛམ་གླིང་ཐོག་བོད་ལུགས་གསོ་བ་རིག་པའི་སློབ་ཆེན་རྩེ་གྲ་གཏོད་རྒྱུར་གཞོལ་བཞིན་ཡོད་པས་རྒྱལ་ཁབ་ཁག་གི་ཕུལ་བྱུང་གཞོན་ནུ་ཚོས་བོད་ལུགས་གསོ་བ་རིག་པའི་ཤེས་བྱ་སློབ་སྦྱོང་བྱེད་པའི་གདམ་ག་དང་པོར་འགྱུར་ངེས་རེད།
            སྨན་སྐྱིད་མཚོ་མོས་བོད་ལུགས་གསོ་བ་རིག་པའི་རྒྱལ་སྤྱིའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ད་ཡོད་གནས་ཚུལ་དང་བོད་ལུགས་གསོ་བ་རིག་པ་རྒྱལ་སྤྱིའི་ཐོག་བརྒྱུད་སྤེལ་ཐད་འཕྲད་པའི་དཀའ་གནད་ལ་དམིགས་ཏེ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་ཕྱི་སྦྱོང་སློབ་མའི་སློབ་གླིང་བཙུགས་པའི་དགོས་དབང་ཡོད་ཅིང་། དེར་བརྟེན་ནས་བོད་ལུགས་གསོ་བ་རིག་པའི་རྒྱལ་སྤྱིའི་སྐད་སྒྲར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་ཐོག་ཀྲུང་གོའི་བོད་ལུགས་གསོ་བ་རིག་པའི་སྐད་ཆ་ཤོད་དབང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ངོས་འཛིན་གནང་གི་ཡོད།
 
 
སྨན་སྐྱིད་མཚོ་མོས་སློབ་ཐོན་སློབ་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ།
            བོད་ལུགས་གསོ་བ་རིག་པ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་གཏོང་རྒྱུ་ནི་དུས་རབས་ཀྱིས་སྤྲད་པའི་བླ་ན་མེད་པའི་ལས་འགན་ཞིག་ཡིན་པ་དང་། རང་སྐྱོང་ལྗོངས་རིམ་པའི་བོད་ལུགས་གསོ་བ་རིག་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པའི་སྨན་སྐྱིད་མཚོ་མོས་ཀྱང་ལྷོད་གཡེང་སྤུ་ཙམ་ཡང་བཏང་མེད། ཁོང་གིས་བོད་ལྗོངས་ཀྱི་བོད་ལུགས་གསོ་བ་རིག་པའི་ལས་དོན་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད་པས་ངེས་པར་དུ་ཚད་མཐོའི་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་བོད་ལུགས་གསོ་བ་རིག་པའི་བྱ་གཞག་གི་ལེའུ་གསར་རྐྱང་ཞིག་རྩོམ་དགོས་པའི་ངོས་འཛིན་གནང་གི་ཡོད།
            “ངའི་གྲོས་གཞི་གཉིས་པ་ནི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བཙུགས་ནས་བོད་ལུགས་གསོ་བ་རིག་པར་བརྟེན་ནས་ནད་ཐོག་སྨན་བཅོས་ཀྱི་བཅོས་དཀའ་བའི་ནད་གཞིར་དམིགས་སའི་རང་བཞིན་གྱི་ཞིབ་འཇུག་བྱ་རྒྱུ་དེ་ཡིན” ཞེས་སྨན་སྐྱིད་མཚོ་མོས་གཟུགས་པ་དང་། ཁོང་གིས། ད་ཆ་རྒྱལ་ཁབ་ཀྱིས་ཚན་ཞིབ་ཐད་རྒྱབ་སྐྱོར་བྱེད་ཤུགས་ཧ་ཅང་ཆེན་མོད། འོན་ཀྱང་ཞིབ་འཇུག་གི་གྲུབ་འབྲས་བལྟོས་བཅས་ཀྱིས་ཁ་གྲམ་ནས་མཉམ་ཤུགས་ཤིག་ཆགས་མེད་པ་དང་།  ཆབས་ཅིག་རྣམ་གྲངས་ཀྱི་ཆེད་དུ་རྣམ་གྲངས་བསྒྲུབ་པ་ལས་ཚན་ཞིབ་ཀྱི་ཆེད་དུ་རྣམ་གྲངས་ཀྱི་གནས་ཚུལ་ཞིབ་འཇུག་བྱེད་པ་མིན་པས་ཚད་བརྒལ་རང་བཞིན་གྱི་ཞིབ་འཇུག་གྲུབ་འབྲས་ཐོབ་དཀའ་བར་གྱུར་ཡོད་ཅེས་བཤད་པ་རེད།
            ཁོང་གིས། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བཙུགས་ནས་བོད་ལུགས་གསོ་བ་རིག་པའི་ལེགས་ཆའི་ཁྱབ་ཁོངས་ནས་ཚན་ཞིབ་རྣམ་གྲངས་དང་ཞིབ་འཇུག་བྱ་གཞི་ཁག་གཅིག་བཙུགས་ཏེ། རིག་ཚན་མང་པོ་མཉམ་བསྲེས་ཀྱིས་དེའི་ནང་ཞུགས་ནས་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་།  རྨང་གཞིའི་སྨན་བཅོས་ནུས་པ་དང་ལམ་སྲོལ་ཞིབ་འཇུག ནད་ཐོག་སྨན་བཅོས་ཞིབ་འཇུག་ནས་གྲུབ་འབྲས་གཞན་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོར་འབྲེལ་མཐུད་གང་ལེགས་ཐུབ་པ་བྱས་ནས་ཚད་བརྒལ་ངང་གསོ་རིག་གི་དཀའ་གནད་ཁག་གཅིག་བསལ་ཏེ་སྲོལ་རྒྱུན་གྱི་བོད་ལུགས་གསོ་བ་རིག་པར་སླར་ཡང་དུས་རབས་ཀྱི་འོད་སྟོང་འཕྲོ་ཐུབ་ངེས་ཡིན་པའི་ངོས་འཛིན་གནང་གི་ཡོད།
            སྨན་སྐྱིད་མཚོ་མོས“མིའི་ཚེ་གཅིག་གི་དུས་ཚོད་དང་སེམས་ཤུགས་ལ་ཚད་ཡོད་པས་ཚད་བརྒལ་རང་བཞིན་གྱི་གསོ་རིག་གི་དཀའ་གནད་ཐག་གཅོད་བྱེད་དགོས་ན་མི་རབས་ནས་མི་རབས་བར་གྱི་རྒྱུན་མཐུད་འབད་འཐབ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བཙུགས་ནས་ཆེད་དོན་ཞིབ་འཇུག་བྱས་ཚེ་ཞིབ་འཇུག་ལ་རྒྱུན་མཐུད་རང་བཞིན་ལྡན་པས། ཚན་རིག་ཞིབ་འཇུག་གི་ལམ་བུ་ཞིག་བཏོད་རྗེས་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ངེས་རེད”ཅེས་གསུངས།
            ལོ་མང་པོར་བོད་ལུགས་གསོ་བ་རིག་པའི་ཁྱབ་ཁོངས་སུ་ལས་ཀ་གནང་མཁན་གྱི་མཁས་དབང་ཞིག་ཡིན་པའི་སྨན་སྐྱིད་མཚོ་མོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་གྱི་སྣེ་ཁྲིད་འོག་བོད་ལུགས་གསོ་བ་རིག་པ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཐོག ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་དང་སྨན་རྫས་རིག་པའི་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་མུ་ཏིག་ཡིན་པའི་བོད་ལུགས་གསོ་བ་རིག་པའི་འོད་མདངས་སྔར་བས་འཕྲོ་བཞིན་ཡོད་པའི་ངོས་འཛིན་གནང་གི་ཡོད། ཁོང་གིས་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ལུགས་གསོ་བ་རིག་པའི་དམིགས་བསལ་གྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་དང་འབྲེལ་འཛམ་གླིང་ཕྱོགས་སུ་བསྐྱོད་དེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་གནང་གི་ཡོད།

རྩོམ་སྒྲིག་པ། ལྷ་འབྲུག