ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > གསར་འགྱུར།

ཟླ་བ་དོན་གྲུབ་ཀྱིས“ཨུ་ཡོན་བགྲོད་ལམ”དུ་འདི་ལྟར་གསུངས།

སྤེལ་དུས 2024-03-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཟླ3པའི་ཚེས7ཉིན་གྱི་ཆུ་ཚོད8པར། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དཀྱིལ་གྱི་བྱང་ངོས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི“ཨུ་ཡོན་བགྲོད་ལམ”གྱི་མཉམ་སྡེབ་བཅར་འདྲིའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
            ད་ལོའི་“ཨུ་ཡོན་བགྲོད་ལམ”ཐོག་སྐྱོད་ཅིང་བོད་ལྗོངས་སུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཏེ། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་ལོ15ཡི་རིང་ནས་ལ་ཞིབ་འཇུག་བྱས་པ་བརྒྱུད། གཞི་གྲངས་དངོས་ཀྱི་ཐོག་ནས་མཚོ་བོད་ས་མཐོར་གཞིས་ཚུགས་པའི་ཞིང་ལས་ཚན་རྩལ་ལས་དོན་པ་མི་རབས་ནས་མི་རབས་བར་གྱིས་ཇི་ལྟར་བྱས་ཏེ་འགག་སྒྲོལ་དཀའ་སེལ་བྱས་ཏེ་ནས་ཀྱི་ཐོན་འབབ་དེ་བས་མཐོ་བ་དང་ཕྱོགས་བསྡུས་ཕན་འབྲས་དེ་བས་ལེགས་པ་ཡོང་བར་གཞོལ་ལུགས་གསུངས་པ་རེད།
 
 
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཟླ་བ་དོན་གྲུབ“ཨུ་ཡོན་བགྲོད་ལམ”དུ་ཕེབས་པ།
            “ས་མཐོའི་ཞིང་ལས་འཕེལ་རྒྱས་གཏོང་བར་ནས་དང་ཁ་འབྲལ་ཐབས་མེད” ནས་ནི་མཐོ་སྒང་གི་བཟའ་འབྲུ་གཙོ་བོ་ཡིན་པ་དང་རྩམ་པ་འཐག་པ་དང་ནས་ཆང་བསྙལ་བར་སྤྱོད་ཀྱི་ཡོད་ཅེས་ཟླ་བ་དོན་གྲུབ་ཀྱིས་བཤད། ཉེ་བའི་ལོ་ཤས་ཀྱི་རིང་ལ། ཟླ་བ་དོན་གྲུབ་ཀྱི་ཚོགས་པས་དགུན་ནས་ཇེ་ལེགས་སུ་བཏང་ནས་འདེབས་འཛུགས་གྲུབ་ཆ་ལེགས་སུ་གཏོང་རྒྱུར་ཞིབ་འཇུག་བྱས་ཏེ་ཐོན་འབབ་འགན་ལེན་བྱེད་པ་དང་ཆབས་ཅིག་ས་ཞིང་སྤྱོད་ཚད་མཐོ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡོད།
 
 
ཟླ་བ་དོན་གྲུབ་ཀྱི་གཞུང་ལས་ཁང་གི་ནས་སོན།
            “ཉིན་ཁ་ཤས་ཀྱི་གོང་དུ་ང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་བྱ་ཡུལ་ཞང་དུ་བརྟག་ཞིབ་བྱེད་པར་ཕྱིན་པ་ཡིན། ཡུལ་མི་ཚོས་དགུན་ནས་བསྡུས་རྗེས་བྲ་བོ་བཏབ་ནས་བྲ་བོའི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་བྱེད་ཀྱི་ཡོད་པས། ལོ་གཅིག་གི་རིང་ལ་ཡུལ་མི་ཚོའི་ཡོང་འབབ་མང་དུ་ཕྱིན་པ་དང་། རྨོ་ཞིང་གི་ནུས་པ་ཡག་ཤོས་ཐོན་ཏེ་ས་རྒྱུའང་སྲུང་སྐྱོང་ཡག་པོ་ཐུབ་ཡོད” ཟླ་བ་དོན་གྲུབ་ཀྱིས་དཔེ་དྲངས་ནས། དགུན་ནས་ནི་དཔྱིད་ནས་དང་མི་འདྲ་བར་ཟླ་བཅུ་པར་བཏབ་ནས་ཕྱི་ལོའི་ཟླ་བདུན་པར་བསྡུ་དགོས་པར་བརྟེན། དགུན་ནས་བསྡུས་རྗེས་ཞིང་ནང་དུ་སླར་ཡང་གཟན་རྩྭ་ནམ་དུས་གཅིག་འདེབས་ཆོག་གི་ཡོད་ཅེས་གསུངས།
 
 
ཟླ་བ་དོན་གྲུབ་ཀྱིས་རྒྱལ་རྩེ་རྫོང་དུ་བརྟག་ཞིབ་གནང་སྐབས་སུ་ས་གནས་དེ་གའི་སོན་བཟང་སྤྱོད་ཚུལ་མཁྱེན་རྟོགས་གནང་བཞིན་པ།
            ཁོང་གིས་དེ་ལྟར་བྱས་ཚེ་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་བརྟན་པོ་ཡོང་བ་མ་ཟད། ད་དུང་སྲན་མའི་རིགས་ཀྱི་གཟན་རྩྭ་བསྐྱར་འདེབས་བྱས་ནས། སྐྱེ་དངོས་ཀྱི་ཏན་རླུང་ལེན་པའི་ནུས་པ་བརྒྱུད་རྨོ་ཞིང་གི་སྤུས་ཚད་ལེགས་སུ་གཏོང་ཐུབ། དེ་བས་གལ་ཆེ་བ་ཞིག་ནི་དགུན་ཁ་སྔོ་ཁེབས་ཁྱབ་ཚད་མཐོ་རུ་བཏང་ནས། ས་བཅུད་ཤོར་བར་སྔོན་འགོག་བྱས་ཏེ་རི་སྐྱེས་འདབ་ཆགས་ལ་དགུན་དུས་འཚོ་སྡོད་ཀྱི་ཟས་རིགས་མཁོ་འདོན་ཐུབ་པ་དེ་རེད། ལོ་གཅིག་གི་རིང་། མི་ལ་འབྲུ་རིགས་བྱུང་བ་དང་། ཕྱུགས་ལ་གཟན་རྩྭ་ཡོད་པ། ས་ལ་ལུད་འཇགས་པ། འདབ་ཆགས་ལ་ལྟོ་ཆས་ཡོད་པས། བོད་ལྗོངས་སུ་ཆུ་བོ་མཛེས་ཤིང་ཞིང་ཁ་ཡག་པའི་ཁར་གནས་སྡོད་དང་ཡུལ་སྐོར་ལ་འཚམ་པའི་མཛེས་མཐུན་རྣམ་པ་ཞིག་ཐོན་ངེས་རེད་ཅེས་གསུངས།
            ད་ལོ་བོད་ལྗོངས་སུ་བསྐྱར་འདེབས་རྒྱ་ཁྱོན་མུའུ་ཁྲི18ལྷག་ཙམ་ཟིན་ཞིང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་ཆུ་ལུད་གཞི་གཅིག་ཅན་གྱི་དེང་རབས་ཅན་གྱི་ཞིང་ལས་ཚོད་ལྟ་ལེགས་སྒྲུབ་བྱས་ཏེ་ས་བབ་མཐོ་བའི་དགུན་ནས་ཐོན་སྐྱེད་འཚོལ་ཞིབ་བྱེད་བཞིན་ཡོད། ཟླ་བ་དོན་གྲུབ་ཀྱིས་དགུན་ནས་ཀྱི་སྣ་ཁ་ཞིབ་འཇུག་དང་འདེབས་གསོ་བྱེད་པ་ནས་འདེབས་འཛུགས་ཀྱི་གོམས་གཤིས་ལ་འགྱུར་ལྡོག་གཏོང་བའི་བརྒྱུད་རིམ་ནི་ལས་སླ་པོ་ཞིག་གཏན་ནས་མིན། ཏང་གི་འགོ་ཁྲིད་འོག སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་ལྡན་དང་མང་ཚོགས་ཞུགས་ནས་རྒྱབ་སྐྱོར་བྱས་ཡོད་ལ། རྒྱ་ཆེའི་ཞིང་ལས་ཚན་རྩལ་པས་ཀྱང་འབད་བརྩོན་ལྷོད་མེད་བྱས་ཡོད་ཅེས་གསུངས།    
            “ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག” དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་ནི་ནས་ཀྱི་ཞིབ་འཇུག་ལས་དོན་པའི་འགན་འཁྲི་དང་ལས་འགན་རེད། ད་ཆ་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། “ང་ཚོའི་དམིགས་ཚད་ཀྱང་དེ་བས་གསལ་པོ་ཡིན་ཏེ། ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི3800ཡན་གྱི་ས་ཁུལ་དུ་བཏབ་པའི་གྲང་འཕྲོད་དང་སྔ་སྨིན་ནས་ཀྱི་སྣ་ཁ་གསར་པ་འདེབས་གསོ་བྱེད་པ་དང་། སྐྱེ་ཁམས་ཁུལ་མི་འདྲ་བའི་འདེབས་འཛུགས་བསྐྱར་མ་བྱེད་སྟངས་ཡག་ཤོས་འཚོལ་ཞིབ་བྱས་ཏེ། ས་མཐོའི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་དང་སྐྱེ་ཁམས་སྲུང་སྐྱོང་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ་བཅས་བྱ་རྒྱུ་དེ་རེད།” ཅེས་ཟླ་བ་དོན་གྲུབ་ཀྱིས་ཁས་ལེན་ནན་པོ་གནང་།
 
 
ཟླ་བ་དོན་གྲུབ་ཀྱིས་བཅའ་སྡོད་བྱ་ཡུལ་དུ་གཏམ་བཤད་ཡིག་ཆ་གྲ་སྒྲིག་བྱེད་བཞིན་པ།
            “ངའི་སློབ་དཔོན་དམ་པ‘ཀྲུང་གོའི་ནས་ཀྱི་འབུམ་རམས་པ’ཉི་མ་བཀྲ་ཤིས་ལགས་ཀྱིས་ང་ཚོའི་རྩ་བ་མཚོ་བོད་མཐོ་སྒང་ཡོད་ཀྱང་སེམས་སུ་ཀྲུང་གོ་ཧྲིལ་པོ་འཛིན་དགོས་ཞེས་གསུངས་མྱོང་། ཟླ་བ་གསུམ་བཞི་ཙམ་སོང་རྗེས་སུ། དགུན་ནས་སྨིན་རྒྱུ་རེད། ཉི་འོད་འོག་གསེར་མདོག་གི་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད་སྐབས་མི་རྣམས་དགའ་སྤྲོ་འཁོལ་ངེས། ཐུན་མོང་ཐོག་འབད་བརྩོན་བྱས་ཚེ་མེས་རྒྱལ་གྱི་མཐའ་མཚམས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་ངེས་རེད”ཅེས་ཟླ་བ་དོན་གྲུབ་ཀྱིས་གདེང་ཚོད་ཆེན་པོས་གསུངས།

རྩོམ་སྒྲིག་པ། ལྷ་འབྲུག