ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་པ།

སྤེལ་དུས 2024-03-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

          སྲིད་དོན་ལ་ཇུས་འདོན་དང་ཐབས་ཇུས་བཟང་པོ་བཏོན་ནས་འབད་འབུངས་ཆེན་པོས་རྒྱང་ལམ་གསར་པར་སྐྱོད།
         —བོད་ལྗོངས་ཀྱི་ཨུ་ཡོན་རྣམས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་པ། 

         ཟླ3པའི་ཚེས4ཉིན། བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ནས། ཡིད་ཆེས་ངང་མི་དམངས་ཚོགས་ཁང་ཆེན་མོར་བསྐྱོད་དེ་བློ་གྲོས་གཅིག་ཏུ་བསྡུས་ནས་རྒྱལ་དོན་མཉམ་གྲོས་གནང་བ་རེད། ཁོང་ཚོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན2000ལྷག་དང་ལྷན་དུ། དཔྱིད་དཔལ་གྱི་ཚོགས་འདུ་འདི་ལ་ཞུགས།

 

        ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སྐྱོད་པའི་དུས་ཚོད་ལས་ཐེངས་འདིའི་ཚོགས་འདུའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཡོད།

       ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞིའི”འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལོ་ཞིག་ཀྱང་ཡིན། བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག་བློ་སྟོབས་ཆེར་སྐྱེད་ཀྱིས་གཟི་བརྗིད་དང་ཕུགས་འདུན་གྱི་རྒྱང་སྐྱོད་བྱེད་བཞིན་ཡོད།

 

        ཕྱི་དྲོའི་ཆུ་ཚོད14ཡི་སྟེང་། ཚོགས་འདུ་མ་འཚོག་གོང་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བོད་ལྗོངས་ཀྲུང་ཡོན་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྒྲོལ་དཀར་གྱིས་ཚོགས་ཞུགས་ལག་ཁྱེར་ནན་ཏན་ངང་བཏགས་ནས་བཞུགས་གནས་ནས་མི་དམངས་ཚོགས་ཁང་ཆེན་མོར་སྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་ནང་ཕེབས་བཞིན་པ།

       སྒྲོལ་དཀར་གྱིས“ན་ནིང་ངས་བཏོན་པའི་གྲོས་གཞི་གཉིས་ཀ་དོན་འཁྱོལ་བྱུང་། དེ་ལས་ངས་ཨུ་ཡོན་གྱི་ཐོབ་ཐང་ལ་ངོས་འཛིན་དང་ཡིད་ཆེས་སྔར་བས་གཏིང་ཟབ་ཏུ་ཕྱིན་སོང”ད་ལོ་ཁོང་གིས་སློབ་གསོ་དང་ཁེ་ལས་ཀྱི་ཚོང་གཉེར་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གྲོས་གཞི་མུ་མཐུད་འདོན་རྒྱུ་རེད། “གནད་དོན་ངོ་མ་ཐག་གཅོད་ཐུབ་པ་དང་ཕན་འབྲས་ངོ་མ་ཐོན་པ་བྱེད་དགོས། སྲིད་གྲོས་ཀྱི་ཨུ་ཡོན་ཞིག་གི་ངོས་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་ཆེད་དུ་ཇུས་འབུལ་ཤུགས་འདོན་བྱེད་པ་ནི་རང་ཉིད་ཀྱི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན”ཞེས་གསུངས།

          བློ་གྲོས་ལྡན་པའི་ཇུས་འགོད། དངོས་གཉེར་གྱི་ཐབས་ཇུས། ཕུགས་ཇུས་འདིང་བ་བཅས་བྱེད་དགོས། བོད་ལྗོངས་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་སྐོར་གླེང་སྐབས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་སློབ་ཆེན་བོད་ལུགས་གསོ་རིག་ཚན་ཁག་གི་དགེ་རྒན་ཆེན་མོ་བ་གཞོན་པ་སྨོན་སྐྱིད་མཚོ་མོར་གསུངས་རྒྱུ་མང་པོ་ཡོད་ཅིང་། ཁོང་གིས“ཨུ་ཡོན་གྱི་ཐོབ་ཐང་འདིས་ང་ལ་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ཡར་ཐོན་ལ་དོ་ཁུར་བྱེད་པའི་གོ་སྐབས་དེ་བས་མང་བ་ཐོབ་བྱུང་། ད་ལོ་ངས་བོད་ཀྱི་གསོ་བ་རིག་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་གྲོས་གཞི་གསུམ་འཁྱེར་ཡོང་ཡོད། སླད་ཕྱིན་ངས་འགན་འཁྲི་སྒྲུབ་སྐབས་དོན་དངོས་ལ་གཞི་ཚུགས་པ་དང་། བརྟག་ཞིབ་གཏིང་ཟབ་བྱེད་པ། གནད་དོན་འཕྱུགས་མེད་འཚོལ་བ་བཅས་བྱས་ཏེ། ནད་བརྟ་སྨན་བཅོས་བྱེད་པ་བཞིན་སྤུས་ལེགས་ཀྱི་གྲོས་གཞི་འཁྱེར་ནས་རྣག་ཐོག་གཙག་འཁེལ་ངང་དོན་དངོས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་གསུངས།

         ཆུ་ཚོད15ཡི་ཐོགཚོགས་ཆེན་དངོས་སུ་འགོ་ཚུགས་ཤིང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲ་མི་ཚོགས་མང་པོ་འཛོམས་པའི་ཚོགས་ཁང་དུ་གྲགས།

       “ཚོགས་ཆེན་གྱི་སྙན་ཞུ་ཉན་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བཤད། ཚོགས་ར་ནས་ཐོན་ཏེ་ཨུ་ཡོན་ཚོས་ཕན་ཚུན་རང་ཉིད་ཀྱི་མྱོང་ཚོར་གླེང་རེས་གནང་བ་དང་། བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གི་རིམ་པ་དང་པོའི་ཁྲིམས་དཔོན་པད་མ་གཡུ་སྒྲོན་གྱིས“ཚོགས་ཆེན་གྱི་སྙན་ཞུ་ནི་འདས་ཟིན་པའི་ལོ་གཅིག་རིང་གི‘གྲུབ་འབྲས’མཚོན་པ་ཞིག་ཡིན་ལ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི’སྐུལ་སློང་གི་བཀའ་རྒྱ་ཞིག་ཀྱང་རེད། གཞི་རིམ་གྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ཕྱིས་འབྱུང་འགན་འཁྲི་སྒྲུབ་པའི་ཁ་ཕྱོགས་དེ་བས་གསལ་དུ་ཕྱིན་སོང”ཞེས་གསུངས།

        “སྐབས་གཉིས་རིང་གི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བ་དང་། ལྷག་པར་དུ་ད་ལོའི་ལས་དོན་སྙན་སྒྲོན་ཉན་རྗེས་སེམས་གཏིང་ནས་སྤོབས་སེམས་སྐྱེས་ཀྱི་འདུག” རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་ལྗོངས་ཐང་ག་ཁང་གི་ཡོན་ཀྲང་ཡིན་པའི་སྨན་གྲོང་ནོར་བུ་སྲི་ཐར་གྱིས“སླད་ཕྱིན་ངས་མུ་མཐུད་ནས‘ཁྱིམ་ཚང་ཁྲི་སྟོང་མང་པོ’དང‘དམངས་ཀྱི་འཚོ་བ’སེམས་སུ་བཅངས་ནས་ཐབས་ཇུས་ཧུར་ཐག་གིས་བཏོན་ནས་མང་ཚོགས་དང་སྔར་ལས་འབྲེལ་འདྲིས་དང་། གྲོས་འགོར་དེ་བས་གདེང་ཚོད་ཡོད་པར་བྱས་ཏེ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་མངོན་པ་བྱེད་ཀྱི་ཡིན”ཞེས་གསུངས།

         བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མངའ་རིས་ས་ཁུལ་སྨན་རྩིས་ཁང་གི་ཡོན་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཁོང་གིས“གངས་ལྗོངས་མཐོ་སྒང་དང་གཞི་རིམ་མི་དམངས་ཀྱི་བསམ་འདུན་ཚོགས་འདུར་བཏོན་ནས་འགན་འཁྲི་ཧུར་ཐག་གིས་བསྒྲུབས་ཏེ་ཚད་གཞི་ལོན་པའི་རྒྱུགས་ལན་འབུལ་ཐུབ་པའི་རེ་བ་ཡོད”ཅེས་གསུངས།

           དེ་རྗེས་ཀྱི་ཚོགས་འདུ་ནང་། ཀྲུང་གུང་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མི། རིག་རྩལ། དཔལ་འབྱོར། ཞིང་ལས། སྨན་བཅོས་འཕྲོད་བསྟེན། གྲངས་ཉུང་མི་རིགས། ཆོས་ལུགས། ཆེད་མངགས་གདན་ཞུས་བཅས་རིགས་ཁོངས11གི་ལས་རིགས་ཁག་གི་བོད་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན29ཡིས་ནུས་སེམས་གཅིག་ཏུ་སྒྲིལ་ཞིང་། བློ་གྲོས་གཅིག་ཏུ་འདུས་ནས་ཚོགས་ཆེན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་རྒྱུ་རེད།

 

རྩོམ་སྒྲིག་པ། མང་ག་མཚོ།