ཟླ་3པའི་ཚེས་4ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག 《དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས》ཞེས་པའི་རྩོམ་ཡིག་སྤེལ་ནས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་འདུག
ཆེད་བརྗོད་ནང་བསྟན་དོན། ཟླ་3ཚེས་4ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རིགས་ཁོངས་ཁག་34ནས་ཕེབས་པའི་སྐབས་གསར་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2100ལྷག་ཙམ་གྱིས་མི་དམངས་དུང་ཕྱུར་མང་པོའི་རེ་སྒུག་ཆེན་པོ་ཕྲག་ཏུ་ཁུར་ནས་རྒྱལ་སར་ཐུན་མོང་ཐོག་རྒྱལ་ཇུས་མཉམ་གྲོས་བྱེད་པར་འཛོམས་པ་རེད།
ཆེད་བརྗོད་ནང་ནན་བཤད་བྱས་དོན། དུས་རབས་གསར་པའི་ལོ་བཅུ་པོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་བཅུ་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། དཔལ་འབྱོར་བརྟན་པོ་དང་། འཕེལ་རྒྱས་ལ་སྐུལ་འདེད། དབུལ་ཕོངས་ལས་རྒྱལ་བ། འབྱོར་འབྲིང་འཛུགས་སྐྲུན། རིམས་ནད་ཚོད་འཛིན། གེགས་བར་ཆེན་པོ་འགོག་པ། འགྱུར་ལྡོག་ཆེན་པོར་ཁ་གཏད་གཅོག་པ། ཉེན་ཁ་སེལ་བ་བཅས་བྱས་པར། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་པར་སྐུལ་འདེད་བཏང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་རེད་ལ། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཚུད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུའང་རེད།
ཆེད་བརྗོད་ནང་བསྟན་དོན། ལོ་ལྔའི་རིང་མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ། ལྟེ་བར་དམ་པོར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་མངོན་པར་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད།
ཆེད་བརྗོད་ནང་ནན་བཤད་བྱས་དོན། མདུན་སྐྱོད་ཀྱི་ལམ་བུར་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་ཡོང་རྒྱུ་མཐའ་འཁྱོངས། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་གཉིས་ཕན་ཚུན་འབྲེལ་མཐུད་དང་། སྲིད་དོན་ཇུས་འབུལ། ངོས་འཛིན་གཅིག་མཐུན་བཅས་ཡོང་བར་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས། མི་དམངས་སྲིད་གྲོས་ནི་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་བྱེད་པ། ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོས་མོལ་སྤེལ་རེས་གཏིང་ཟབ་དང་། བསམ་འཆར་གང་ལེགས་མཚོན་པ། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་ཡོང་བ་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཕྱོད་དུ་སྔར་བས་ལེགས་པར་སྒྱུར་དགོས།
མཇུག་ཏུ་ཆེད་བརྗོད་ནང་འབོད་སྐུལ་བྱས་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། གདེང་ཚོད་བརྟན་དུ་གཏོང་བ་དང་། བློ་སེམས་གཅིག་མཐུན། དཀའ་སྤྱད་ལས་སྒྲུབ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།
རྩོམ་སྒྲིག་པ། སྣང་རྡོར།