པད་མ་གཡུ་སྒྲོན་གྱི་ཕ་ཡུལ་མེ་ཏོག་རྫོང་ལ། ས་མཐོའི“ཁེར་ཆགས་གླིང་ཕྲན”ཞེས་འབོད་སྲོལ་ཡོད། 2013ལོར“རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་འབའ་ཞིག”གི་ལོ་རྒྱུས་མཇུག་འགྲིལ་བ་དང་། པད་མ་གཡུ་སྒྲོན་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གི་རིམ་པ་དང་པོའི་ཁྲིམས་དཔོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་རེད།
ཆུང་དུས་ཕ་མ་གཉིས་པོས་པད་མ་གཡུ་སྒྲོན་ལ་སློབ་གསོའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། ཁོ་མོ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་སློབ་གྲྭ་འགྲིམ་པར་བཏང་བ་དང་། དམའ་འབྲིང་སྐབས་སུ་མེ་ཏོག་རྫོང་དུ་ཕྱིར་ལོག ཁོ་མོས“སྐབས་དེ་དུས་ང་རང་ལོ་10ཡིན། མེ་ཏོག་རྫོང་དུ་ལོག་ཐེངས་དང་པོར་ཧ་ཅང་རྗེས་ལུས་དང་དབུལ་པོ་ཡིན་པའི་མྱོང་ཚོར་བྱུང་། སྤོ་བོ་རྫོང་ནས་མེ་ཏོག་རྫོང་བར་སྤྱི་ལེ་100ལྷག་ཙམ་ལས་མེད། འོན་ཀྱང་རླངས་འཁོར་ལ་བསྡད་ནས་ཉིན་གཉིས་བསྐྱོད་པ་དང་རྐང་ཐང་མར་ཉིན་གཉིས་བསྐྱོད་ཚེ་གཞི་ནས་ཁྱིམ་དུ་འབྱོར་གྱི་ཡོད། ད་དུང་ལམ་བར་དུ་ཆུ་རུད་དང་རི་ཉིལ་བའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད”ཅེས་པད་མ་གཡུ་སྒྲོན་གྱིས་བརྗོད་པ་དང་། དམའ་རིམ་སློབ་འབྲིང་ཐོན་མ་ཐག་པད་མ་གཡུ་སྒྲོན་སླར་ཡང་མེ་ཏོག་རྫོང་ནས་བྲལ་ཏེ་ས་ཆ་གཞན་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། དེའི་རིང་མེ་ཏོག་ལ་ལོག་མྱོང་མེད། སློབ་ཆེན་ཐོན་རྗེས་ས་ཆ་གཞན་དུ་ལོ་མང་སློབ་སྦྱོང་བྱས་པའི་ཁོ་མོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མེ་ཏོག་རྫོང་དུ་ལས་ཀ་བྱེད་པར་ལོག་རྒྱུའི་གདམ་ག་བྱས་ཤིང་། ཁོ་མོས“དེ་སྔོན‘མེ་ཏོག’གི་སྐོར་གླེང་མ་ཐག་ཉེ་འཁོར་གྱི་མི་ཚང་མར་སྐྲག་སྣང་གིས་ཁེངས་ལ། མི་ཁག་གཅིག་རྒྱུགས་འཕྲོད་ཀྱང་འདི་གར་ཡོང་འདོད་མེད་པ་རེད། ངས་ཀྱང་ས་ཆ་གཞན་དག་གི་ཆ་རྐྱེན་མེ་ཏོག་ལས་ལེགས་པ་ཤེས་ཀྱི་ཡོད། འོན་ཀྱང་ས་ཆ་གཞན་དག་གི་འཚོ་བའི་ཆ་རྐྱེན་ཡག་པའི་རྐྱེན་གྱིས་ས་ཆ་དེ་དག་ཏུ་སྡོད་འདོད་ཀྱི་བསམ་པ་མེད། ངའི་ཕ་མས་ཀྱང་ཨ་ན་ཨུ་ཚུགས་ངང་ང་རང་མེ་ཏོག་ཏུ་ལོག་ཏུ་བཅུག་བྱུང་། ཁོང་ཚོས་ང་རང་ལ་རང་ཡུལ་གྱི་མི་ཡང་ལོག་འདོད་མེད་ན། ཕྱི་མི་མེ་ཏོག་འཛུགས་སྐྲུན་བྱེད་པར་དེ་བས་ཡོང་མི་སྲིད། ཁོང་ཚོས་ང་རང་ཕ་ཡུལ་འཛུགས་སྐྲུན་བྱེད་པར་ལོག་རྒྱུའི་རེ་བ་བྱེད་ཀྱི་འདུག”ཅེས་བརྗོད།
2010ལོར་གཞུང་གི་ལས་ཀར་ཞུགས་རྗེས། པད་མ་གཡུ་སྒྲོན་གྱིས་ཕ་མའི་རེ་བ་ཆུད་ཟོས་སུ་མ་བཏང་བར་ལས་གནས་ཐོག་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་སྙིང་རུས་བྱས་པ་བརྒྱུད། ཐོག་མའི་དྲུང་ཡིག་ནས་གོམ་སྟབས་རེ་རེ་བཞིན་ད་ཆའི་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གི་རིམ་པ་དང་པོའི་ཁྲིམས་དཔོན་ལ་གྱུར་པ་རེད།
“ངས་མེ་ཏོག་མི་དམངས་ཀྱིས་བཅའ་ཁྲིམས་གང་ཞིག་ཡིན་པ་མི་ཤེས་པ་ནས། ད་ཆ་བཅའ་ཁྲིམས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་བྱེད་འགོ་ཚུགས་པའི་བར་གྱི་བརྒྱུད་རིམ་བརྒྱུད་ཡོད། དེ་སྔོན་ང་ཚོས་མི་སེར་རང་འགུལ་ངང་བཙལ་ཏེ་ཁོང་ཚོར་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དུ་འཇུག་གི་ཡོད། འོན་ཀྱང་མི་སེར་ཚོ‘ངོ་ཚ’ཆེ་བས་དེ་ནི་ངོ་ཚ་དགོས་པའི་དོན་དག་ཞིག་རེད་སྙམ་གྱི་ཡོད། ཡུལ་མིའི་རྩོད་གཞི་མང་པོ་ཞིག་གྲོང་ཚོའི་རྒན་རབས་ལ་མཐུན་སྦྱོར་བྱེད་རོགས་ཞུ་བ་ལས་ཁྲིམས་ཁང་དུ་ཡོང་འདོད་མེད”ཅེས་བརྗོད། ཁོ་མོས་དེ་སྔོན་གཞི་རིམ་དུ་གྱོད་གཞི་སྒྲུབ་སྐབས་སྦག་སྦག་བཞོན་གྱི་ཡོད་མོད། འོན་ཀྱང་ལམ་བར་དུ་རི་ཉིལ་བའི་གནས་ཚུལ་མང་པོ་ཐོན་གྱི་ཡོད་པས་སྦག་སྦག་བཞོན་ཙམ་དང་འཁྲིད་ཙམ་བྱས་ནས་སྐྱོད་ཀྱི་ཡོད། རྫོང་གྲོང་དང་ཐག་ཉེ་ཤོས་ཀྱི་བདེ་ཞིང་ཤང་དུའང་ཆུ་ཚོད་1ལྷག་ཙམ་སྐྱོད་དགོས་པ་དང་། ད་ཆ་ནང་བཞིན་སྐར་མ་བཅུ་གྲངས་ནང་སླེབས་ཀྱི་མེད་ཅེས་བརྗོད།
ད་ཆ་པད་མ་གཡུ་སྒྲོན་ལ་ཚོར་སྣང་ཆེ་ཤོས་ཀྱི་འགྱུར་ལྡོག་ནི་སྔོན་ཆད་དང་བསྡུར་ན། གཞི་རིམ་དུ་བསྐྱོད་ནས་གྱོད་ཐག་གཅོད་ཚད་ཇེ་ཉུང་དུ་ཕྱིན་པ་དང་། རང་འགུལ་ངང་གྱོད་དོན་ཐག་གཅོད་བྱེད་རོགས་ཞུ་མཁན་ཇེ་མང་དུ་ཕྱིན་པ་དེ་རེད། དཔེར་ན། བཟའ་ཚང་ལོགས་བཀར་གྱི་རྩོད་གཞི་དང་བུ་ཕྲུག་འཚོ་སྐྱོང་གི་རྩོད་གཞི་སོགས་ལ། ཁྲིམས་ཁང་གིས་ཐག་གཅོད་དྲང་གཞག་བྱེད་པར་ཚང་མས་ཡིད་ཆེས་པས། དེ་སྔོན་ནང་བཞིན་ཁྱིམ་དུ་སེམས་སྡུག་བྱས་ནས་མི་སྡོད་པར་རང་འགུལ་ངང་ཁྲིམས་ཁང་ལ་ཐག་གཅོད་བྱེད་རོགས་ཞུ་བར་ཡོང་གི་ཡོད་པ་རེད།
དཀའ་ཚེགས་ཇི་ཙམ་ཆེ་བའི་ས་ཆར་བཅའ་ཁྲིམས་ཤེས་མཁན་དེ་ཙམ་གྱིས་ཉུང་བ་ཡོད། པད་མ་གཡུ་སྒྲོན་གྱི་ངོས་ནས་བརྗོད་ན། ཐག་རིང་ལུང་ཁུག་གི་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་གཏུག་བཤེར་གྱོད་གཞི་ཇེ་མང་དུ་འགྲོ་བ་ནི་བྱ་བ་ངན་པ་ཞིག་མ་ཡིན་པར་དེ་ལས་ལྡོག་སྟེ་བྱ་བ་བཟང་པོ་ཞིག་རེད། གང་ལགས་ཤེ་ན། མི་སེར་གྱིས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཤེས་པས་རེད།
“གྲངས་ཉུང་མི་རིགས་ས་ཁུལ་ཡིན་པའི་དབང་གིས་མི་སེར་གྱིས་གོ་སླ་བའི་སྐད་ཆ་བཤད་ན་ཁྲིམས་ལུགས་ཁྱབ་གདལ་གྱི་ཕན་འབྲས་དེ་བས་ཆེ། གལ་སྲིད་མོན་པའམ་ཡང་ན་ལྷོ་པའི་སྐད་ཤེས་མཁན་གྱི་ལས་བྱེད་པས་ཁྲིམས་ལུགས་ཁྱབ་གདལ་བཏང་ཚེ། མི་སེར་གྱིས་མ་མཐར་ཡང་གོ་ཐུབ་ལ་ཉན་འདོད་ཀྱང་ཡོད། ངས་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་ལས་དོན་མི་སྣ་གསོ་སྐྱོང་བྱེད་པའི་གྲོས་འགོ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། མི་རིགས་ས་ཁུལ་དུ་རང་མི་རིགས་ཀྱི་སྐད་ཡིག་དང་དམངས་སྲོལ་ལ་རྒྱུས་མངའ་ཆེ་བའི་བཅའ་ཁྲིམས་ཤེས་མཁན་དགོས་མཁོ་ཧ་ཅང་ཆེ་བ་མ་ཟད། ཁོང་ཚོ་གནས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་པད་མ་གཡུ་སྒྲོན་གྱིས་བརྗོད།