ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2025ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > འཐུས་མི་དང་ཨུ་ཡོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་སྐྱིད་མཚོ་མོས་གསུངས་དོན།

སྤེལ་དུས 2025-03-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཇི་ལྟར་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནོར་མཛོད་ནང་གི་འོད་དུ་འཚེར་བའི་མུ་ཏིག་སྟེ། བོད་ཀྱི་གསོ་བ་རིག་པ་འདི་ཉིད་དུས་རབས་གསར་པའི་ནང་དུ་བཀྲག་མདངས་གསར་པ་རྒྱས་པར་བྱ་རྒྱུ་ནི། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྨན་སྐྱིད་མཚོ་མོས་དུས་ཡུན་རིང་པོར་དོ་ཁུར་དང་བསམ་གཞིག་བྱེད་པའི་གནད་དོན་ཞིག་ཡིན་ཞིང་། ད་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་ཏུ། ཁོང་གིས་ཚན་རིག་ཞིབ་འཇུག་གྲུབ་འབྲས་གཞན་བསྒྱུར་སོགས་ཀྱི་ཐད་ལ་དམིགས་ཏེ་ཐབས་འདོན་ཇུས་འབུལ་གནང་ནས། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་གསར་གཏོད་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྩིས་ཡོད།  

            ད་ལོའི་ཚོགས་འདུ་གཉིས་ནི་ཨུ་ཡོན་སྨན་སྐྱིད་མཚོ་མོས་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་གསར་གཏོད་ལ་བསྟུད་མར་དམིགས་པའི་ལོ་གསུམ་པ་རེད། གྲོས་གཞི་ཏན་ཏིག་འདོན་པ་ཕུད། ཁོ་མོས་ད་དུང་ས་མཐོ་སྒང་ནས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཐད་ཀྱི་འཕེལ་རིམ་གསར་ཤོས་བདེན་དཔང་བྱེད་པའི་སྲོལ་རྒྱུན་གྱི་སྨན་རྫས་ཁྱེར་ཡོད་ཅིང་། ཁོ་མོས། བོད་སྨན་ནང་རྒྱུན་དུ་མཐོང་མང་ཤོས་ཀྱི་འབྲས་བུ་གསུམ་ནི་ཨ་རུ་ར་དང་། སྐྱུ་རུ་ར། བ་རུ་ར་བཅས་ཡིན་པ་དང་། སྲོལ་རྒྱུན་གྱི་སྨན་རྒྱུ་དེ་དག་སྡེབ་སྦྱོར་བྱས་ཏེ་བཟོས་པའི་བོད་སྨན་དག་ནི། གཅིན་པ་མངར་འགྱུར་ནད་ཀྱི་མཐའ་འཁོར་དབང་རྩའི་ནད་འགྱུར་དང་ཀླད་རྩ་འགག་པའི་ནད་ཀྱི་ཞིབ་སྤེལ་ཐད་ཕན་འབྲས་ངེས་ཅན་ཞིག་ཐོན་ཡོད་ལ། ནད་ཐོག་སྨན་བཅོས་ཐད་ལའང་ཕན་འབྲས་ཡག་པོ་ཐོན་ཡོད་ཅེས་གསུངས།

            ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་ལོ་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་གསོ་རིག་ནོར་མཛོད་ནང་གི་འོད་སྟོང་འཕྲོ་བའི་མུ་ཏིག་སྟེ་བོད་ཀྱི་གསོ་རིག་རིག་ནི། ཏང་དང་རྒྱལ་ཁབ་དེ་བཞིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱབ་སྐྱོར་འོག འཕེལ་རྒྱས་དང་རྒྱུན་འཛིན་ཐད་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། 2018ལོར། ཀྲུང་གོའི“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་དངོས་སུ་བཅུག་ཡོད། ཨུ་ཡོན་སྨན་སྐྱིད་མཚོ་མོས་བརྟག་ཞིབ་བྱས་པ་བརྒྱུད། བོད་ཀྱི་གསོ་བ་རིག་པ་ཚན་ཞིབ་ཐད་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་མིག་སྔར་ཞིབ་འཇུག་བྱས་འབྲས་ལྟོས་བཅས་ཀྱིས་ཁ་ཐོར་དང་གཞན་བསྒྱུར་བྱེད་ཚད་དམའ་བས་ཚད་བརྒལ་རང་བཞིན་གྱི་ཞིབ་འཇུག་བྱས་འབྲས་ཐོབ་དཀའ་བར་ཤེས་རྟོགས་བྱུང་ཡོད།

            ཇི་ལྟར་བྱས་ནས་ཚན་ཞིབ་རྣམ་གྲངས་དང་། མ་དངུལ། མི་ཤུགས་དང་དངོས་ཤུགས་བཅས་ནུས་ཆེའི་ངང་སྤྱི་འདོམས་བྱས་ཏེ།  བོད་ཀྱི་གསོ་བ་རིག་པའི་ཚན་ཞིབ་བྱས་འབྲས་དེ་མཉམ་ཤུགས་ཆགས་པ་དང་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་རྒྱུ་སོགས། གནད་དོན་དེར་དམིགས་ཏེ་ཨུ་ཡོན་སྨན་སྐྱིད་མཚོ་མོས་འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་སུ་བརྟག་ཞིབ་བྱེད་པར་ཐེངས་མང་བསྐྱོད་དེ་གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་ཆེད་རྒྱུན་ཆད་མེད་པར་ཞིབ་འཇུག་གཏིང་ཟབ་གནང་ཡོད། སྨན་སྐྱིད་མཚོ་མོས། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བཙུགས་པ་བརྒྱུད། རིམ་པ་དེ་བས་མཐོ་བའི་ཐོག་ནས་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་དང་ཞིབ་འཇུག་ཐད་འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་འབྲེལ་ཡོད་ཞིབ་འཇུག་དེ་ལས་མཐོ་བའི་དེང་རབས་ཀྱི་ཚན་རིག་མ་ལག་ལས་སྟེགས་ཐོག་ངོམ་སྟོན་བྱ་རྒྱུ་ཡིན་ཞེས་གསུངས།

            སྨན་སྐྱིད་མཚོ་མོ་ནི་བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་པ་ཞིག་ཡིན་ལ། བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་མཁན་གྱི་དགེ་རྒན་ཞིག་ཀྱང་ཡིན། མིག་སྔར་ཁོ་མོ་ཡོད་སའི་བོད་ལྗོངས་གསོ་རིག་སློབ་ཆེན་དུ་དངོས་གཞིའི་ཚན་ཁག་དང་། ཞིབ་འཇུག་སློབ་མ། ལས་ཐོག་སློབ་གསོ་སོགས་རིམ་པ་མང་བའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་སློབ་གསོའི་མ་ལག་ཅིག་གྲུབ་ནས། བོད་ཀྱི་གསོ་བ་རིག་པའི་དངོས་གཞིའི་ཚན་ཁག་དང་ཆེད་ཚན་ཤེས་ལྡན་པ7000ལྷག་ཙམ་གསོ་སྐྱོང་བྱས་ཡོད། ད་ཐེངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག ཨུ་ཡོན་སྨན་སྐྱིད་མཚོ་མོས་ད་དུང་རིག་ཚན་འཛུགས་སྐྱོང་ཐད་སྔར་བས་ཐབས་འདོན་གནང་རྒྱུ་ཡིན་ཞིང་། ཁོ་མོས་བོད་ཀྱི་གསོ་བ་རིག་པ་ནི་རིམ་པ་གཉིས་པའི་རིག་ཚན་ཞིག་ཡིན་པས། དེའི་འོག་ཏུ་ཁོག་ནད་རིག་པ་དང་། བྱིས་པའི་ཚན་ཁག་རིག་པ། བུད་མེད་ཚན་ཁག་རིག་པ་སོགས་འཛུགས་རྒྱུར་ཚད་བཀག་བཟོས་ཡོད་ལ། མུ་མཐུད་དུ་ཞིབ་ཚགས་སུ་གཏོང་ཐབས་བྲལ་བའི་ཆེད་ལས་ཅན་གྱི་གསོ་སྐྱོང་ཞིག་རེད་ཅེས་གསུངས།

            ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏུ་ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཉིན་ཤས་ཀྱི་གོང་ལ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ཀྱི་གསོ་བ་རིག་པ)ལྷ་སར་སྒོ་བྱང་བཀལ་ཞིང་། འདི་ནི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་དངོས་སུ་ཆོག་མཆན་སྤྲད་དེ་བཙུགས་པའི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་མི་རིགས་གསོ་རིག་ལྟེ་གནས་ཐོག་མ་རེད། ཨུ་ཡོན་སྨན་སྐྱིད་མཚོ་མོས།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ལེའུ་གསར་རྐྱང་ཞིག་དེ་བས་གཏོད་འགོ་ཚུགས་ཡོད་པའི་ངོས་འཛིན་གནང་བ་དང་། ཁོ་མོས“སྲོལ་རྒྱུན་གསོ་བ་རིག་པ་ནི་མིའི་རིགས་ཀྱི་ཤེས་དཔལ་གསར་གཏོད་ཀྱི་གྲུབ་འབྲས་ཤིག་ཡིན་པས། མི་རབས་ནས་མི་རབས་བར་སྲུང་སྐྱོང་བྱེད་དགོས་ལ། དུས་བསྟུན་འཕེལ་རྒྱས་དང་དྲང་སྲུང་གསར་གཏོད་ཀྱང་བྱེད་དགོས། ངས་ཀྱང་ཐབས་འདོན་ཇུས་འབུལ་དང་སྲིད་ཞུགས་སྲིད་གླེང་ཧུར་ཐག་བྱས་ཏེ། བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་ཚང་མའི་བསམ་ཚུལ་ཚོགས་འདུ་གཉིས་ཐོག་བཏོན་ནས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་ཀྱི་ཡིན”ཞེས་གསུངས།

            ཨུ་ཡོན་སྨན་སྐྱིད་མཚོ་མོར་བཅར་འདྲི་བྱེད་རིང་ང་ཚོས་ཁོ་མོས་བོད་ཀྱི་སྲོལ་རྒྱུན་གྱི་གསོ་བ་རིག་པའི་བྱ་གཞག་ཁྱབ་གདལ་གཏོང་རྒྱུའི་ལྷག་བསམ་ཚོར་བྱུང་ལ། རྒྱུན་འཛིན་གསར་གཏོད་ཀྱི་སྐུལ་འདེད་གཏོང་ཤུགས་དེ་བས་གཏིང་ཟབ་ཚོར་བྱུང་། ཁོ་མོས་ད་ཆ་བོད་ཀྱི་གསོ་བ་རིག་པ་ནི་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་པས“མཆོག་ནོར་གྱི་མི་མངོན་པའི་སྟོབས་ཤུགས”སྔོག་འདོན་གཏིང་ཟབ་བྱས་ཚེ། བོད་ཀྱི་སྲོལ་རྒྱུན་གྱི་གསོ་བ་རིག་པ་ལས་བཀྲག་མདངས་གསར་པ་འཚེར་ནས་མི་དམངས་དེ་བས་བདེ་ཐང་དང་བདེ་སྐྱིད་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་ཡིན་པའི་ངོས་འཛིན་གནང་།