རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་འཚོགས་ལ་ཉེ། ལམ་ལ་མཆིས་ཁར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་ཉི་མ་སྒེའུ་ཁུང་མདུན་དུ་ལངས་ནས་རྒྱང་རིང་གི་གངས་རི་ལ་རྒྱང་ལྟ་བྱས། ན་ནིང་ཚོགས་འདུ་གཉིས་སུ་ཁོང་གིས་གློག་དྲ་གཙོ་བོའི་གློག་མཁོ་འདོན་གནོན་ཤུགས་ཇེ་ཆུང་དུ་བཏང་ནས་གློག་དྲ་ཆེན་པོ་ཕྱིར་བསྲིང་དཀའ་བའི་ས་ཁོངས་སུ་ཁུངས་དྲ་དང་ཧལ་གསོག་གཞི་གཅིག་ཅན་གྱི་གློག་དྲ་ཆུང་གྲས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་འགོ་བཏོན། ད་ཆ་བོད་ལྗོངས་མངའ་རིས་ས་ཁུལ་མཚེའུ་དཀར་མོ་གྲོང་ཚོའི་རང་ཚུགས་འོད་གསོག་གློག་དྲ་ཕྲ་མོའི་དཔེ་སྟོན་རྣམ་པ་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། གྲོང་ཚོའི་གློག་སྒྲོན་གསལ་ཞིང་། ཡུལ་མི་ཚོའི་འཚོ་བའང་གློག་གི་དབང་གིས་འགྱུར་ལྡོག་བྱུང་། འདི་དྲན་ཚེ་བཀྲ་ཤིས་ཉི་མར་ཡིད་ཆེས་ཀྱིས་ཁེངས་ཤིང་། ད་ཐེངས་ཚོགས་འདུ་གཉིས་ནང་ཞུགས་རྒྱུར་ཁོང་ལ་ཡིད་ཆེས་སྔར་ལས་ཆེ་བ་ལྡན།

མཚེའུ་དཀར་མོ་གྲོང་ཚོ་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མ་མིག་ཞང་དུ་གནས་ཤིང་། གློག་དྲ་ཆེན་པོ་དང་རྒྱང་ཐག་རིང་བ། ཉི་འོད་འཕྲོ་ཡུན་རིང་བ། འགྱེད་འཕྲོ་དྲག་པོ་ཡོད་པ་སོགས་ཀྱི་ཁྱད་ཆོས་ལྡན། འདི་དག་ནི་བལྟས་ཚོད་ཀྱིས་དཀའ་ཚེགས་ཆེ་བའི་དཀའ་གནད་ཅིག་ཡིན་མོད། འོན་ཀྱང་དེ་དག་གིས་ཏག་ཏག་བོད་ལྗོངས་གློག་དྲ་ཡིས་ས་གནས་དེ་གའི་ཐོན་ཁུངས་ལེགས་ཆ་བེད་སྤྱད་དེ་བས་འཚམ་པའི་གློག་དྲ་འཛུགས་སྐྲུན་ཇུས་གཞི་འཚོལ་ཞིབ་བྱེད་པར་ཁ་ཕྱོགས་གསར་པ་གསལ་སྟོན་བྱས། དེར་བརྟེན་མཚེའུ་དཀར་མོ་གྲོང་ཚོ་ནི་བོད་ལྗོངས་གློག་དྲ་ཕྲ་མོའི་དཔེ་སྟོན་རྣམ་གྲངས་ཐོག་མ་དེ་རུ་འགྱུར་བའི་གོ་སྐབས་གལ་ཆེན་བསུས་པ་དང་། ཐག་རིང་ས་ཁུལ་དུ་འོད་སྣང་བསྐྱལ་བའི་འགྲུལ་བཞུད་ཞིག་ཀྱང་འདི་ནས་ལམ་ལ་མཆིས།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་བཀྲ་ཤིས་ཉི་མ་ཡིས་བཏོན་པའི་གྲོས་འགོ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ན་ནིང་ནས་བཟུང་། ཀུང་སིས་མགྱོགས་མྱུར་ངང་ཆེད་ལས་ཚོགས་པ་སྒྲིག་འཛུགས་བྱས་ཤིང་། ཡུལ་དངོས་སུ་གཏིང་ཟབ་ཏུ་བསྐྱོད་པའི་ལས་སྒོའི་རྐང་འཛིན20ལ་ནན་ཏན་ངང་བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་དགོས་པ་དང་། བོད་ལྗོངས་ས་ཁུལ་གྱི་ས་ཁམས་ཁོར་ཡུག་དང་། ནུས་རྒྱུའི་ཐོན་ཁུངས་ཁྱབ་ཚུལ། དེ་བཞིན་གློག་སྤྱོད་དགོས་མཁོ་སོགས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་རྣམ་གྲངས་འཆར་འགོད་ཞིབ་ཕྲ་བཟོས་དགོས་པ་དང་། དཀའ་ངལ་ལས་སྒྲོལ་ནས་འཛུགས་སྐྲུན་ལས་འགན་སྤུས་ལེགས་ངང་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན། འོན་ཀྱང་མཚེའུ་དཀར་མོ་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི4800ལས་བརྒལ་ཞིང་གསོ་རླུང་དཀོན་པས་འཛུགས་སྐྲུན་བྱེད་མཁན་ཚོས་དབུགས་འབྱིན་རྔུབ་ཐེངས་གཅིག་བྱེད་པར་ཡང་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པར་མ་ཟད། འཕྲུལ་ཆས་སྒྲིག་ཆས་ཀྱང་དྲོད་ཚད་དམའ་བའི་དབང་གིས་རྒྱུན་དུ་ཆག་སྐྱོན་བྱུང་བ་དང་། ཐ་ན་ཨར་ལས་རྒྱུ་ཆ་དང་སྒྲིག་ཆས་སྐྱེལ་འདྲེན་བྱེད་པར་ཡང་དཀའ་ངལ་མང་པོ་ཡོད་པས་ཨར་ལས་ཀྱི་མྱུར་ཚད་དང་ལས་ཆོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།
ཨར་ལས་ཁོར་ཡུག་འདི་འདྲའི་འོག་ཏུ། འཛུགས་སྐྲུན་མི་སྣ་སྔར་བཞིན་ཕྱིར་འཐེན་མ་བྱས་པར་འཛུགས་སྐྲུན་གྱི་ལས་ལ་འབད། ཁོང་ཚོས་མ་ལག་དབྱེ་ནས་སྙོམས་སྒྲིག་བྱེད་པའི་ཞིབ་ཕྲ་ནས་མཉམ་འབྲེལ་སྙོམས་སྒྲིག་བྱེད་པའི་མཉམ་ལས་དམ་ཟབ་བྱས་པ་དང་། དེ་ནས་ཚོད་ལྟ་འཁོར་སྐྱོད་བྱེད་པའི་དུས་ཡུན་རིང་བའི་བཀོལ་སྤྱོད་བྱེད་པའི་བར་དུ། འཛུགས་སྐྲུན་པ་ཚོས《GB/T43333-2023རང་ཚུགས་ཅན་གྱི་གློག་དྲ་ཕྲ་མོའི་སྙོམས་སྒྲིག་ཚོད་ལྟ་དང་ཞིབ་བཤེར་རྩིས་ལེན་ཚད་གཞི》ལ་བརྩི་སྲུང་ནན་པོ་བྱས་ནས་གོམ་སྟབས་སྤེལ་ཐབས་བྱས་ཡོད།
2024ལོའི་ཟླ12པའི་ཚེས25ཉིན། འཛུགས་སྐྲུན་པས་རྒྱལ་ཁའི་སྐྱ་རེངས་བསུས་པ་སྟེ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་རང་ཚུགས་རྣམ་པའི་འོད་གསོག་གློག་དྲ་ཕྲ་མོ་དང་པོ་དེ་ཆུ་ཚོད96ལ་ཚོད་ལྟ་བྱས་ནས་བདེ་བླག་ངང་འཁོར་སྐྱོད་བྱས། ཆུ་ཚོད96དེ་དག་ནི་ཡུན་རིང་བའི་མ་ལ་སུང་འགྲན་བསྡུར་ཞིག་དང་འདྲ་མོད། འོན་ཀྱང་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། གློག་ནུས་སྤུས་ཚད་ཡོངས་སུ་ཚད་ལྡན་དང་། གློག་གནོན་བརྟན་པ། གློག་རྒྱུན་བརྒྱུད་གཏོང་བདེ་བླག་བཅས་ཡིན་པས། དམིགས་ཚད་ཁག་ལེགས་གྲུབ་བྱུང་ནས་དྲ་བ་ཕྲ་མོའི་མ་ལག་བརྟན་པོ་དང་བློས་འགེལ་ཆོག་པ་དང་། ས་བབ་མཐོ་བའི་ཁོར་ཡུག་གི་ཚོད་བགམ་ཐེག་ཐུབ་པ་མཚོན་གྱི་ཡོད། ལས་གྲྭ་འདི་ཡིས་མཚེའུ་དཀར་མོ་གྲོང་ཚོའི་དུད་ཚང21ལ་ཡུན་རིང་གློག་ཤུགས་བརྟན་པོ་མེད་པའི་དམངས་འཚོའི་གནད་དོན་བདེ་བླག་ངང་ཐག་གཅོད་ཐུབ་ནས་གྲོང་མི་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་ལ་སྙེག་རྒྱུའི་རེ་བ་སྦྱིན་ཡོད།
འབྱུང་འགྱུར་བོད་ལྗོངས་གློག་དྲ་ཕྲ་མོ་སྔར་བས་རིག་ནུས་ཅན་དང་། གཞི་ཁྱོན་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དང་། ཐག་རིང་ས་ཁུལ་གྱི་དམངས་འཚོའི་གློག་སྤྱོད་འགན་སྲུང་བྱེད་པ། ནུས་ཁུངས་གཙང་མའི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྔར་ལས་སྲ་བརྟན་གྱི་གློག་ཤུགས་འགན་སྲུང་འདོན་སྤྲོད་བྱས་ཏེ། གློག་གི་འོད་སྣང་དེ་གངས་ལྗོངས་ས་མཐོའི་ཡོངས་སུ་འཕྲོ་ཐུབ་པ་བྱ་རྒྱུ་རེད།