"ཡིག་ཚགས་ཁྲོད་དུ་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱུང་བའི་མཛད་རྗེས་མང་པོ་ཞིག་ཡི་གེའི་གཟུགས་སུ་གྲུབ་ནས་ཟིན་ཐོར་བཀོད་ཡོད། དཔེར་ན། ཡོན་རྒྱལ་རབས་སྐབས་ཀྱི་བཀའ་ཡིག་མང་པོ་ཞིག་ནི་རྒྱ་ཡིག་དང་བོད་ཡིག ཧོར་ཡིག་གསར་པ་སོགས་ཀྱི་ཐོག་ནས་བྲིས་པ་ཞིག་ཡིན་ཞིང་། བཀའ་ཡིག་དེ་དག་ལེགས་སྒྲིག་དང་ཞིབ་འཇུག་གང་ལེགས་བྱས་ན། ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ལ་བཅོས་སྐྱོང་ནུས་ལྡན་བྱས་པའི་ལོ་རྒྱུས་སྐོར་གྱི་དཔྱད་གཞིའི་ཡིག་ཆ་སྔོག་འདོན་གང་ལེགས་བྱེད་ཐུབ" ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པད་མ་མཚོ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། ཡིག་ཚགས་ནི་ཀྲུང་ཧྭའི་ཤེས་རིག་ཐོ་འགོད་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པས་བོད་ཡིག་ཡིག་ཚགས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་ཐད་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད་ཅེས་གསུངས།
2025ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་འཚོགས་ལ་ཉེ་བའི་མཚམས་སུ། པད་མ་མཚོ་ཡིས་འཆར་ཟིན་བཀོད་ཟིན་པའི《བོད་ཡིག་ཡིག་ཚགས་ཀྱི་ཤེས་ལྡན་པ་བེད་སྤྱོད་དང་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ》དེ་ཚོགས་འདུར་འབུལ་འཆར་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པད་མ་མཚོ།
པད་མ་མཚོ་ནི་ནག་ཆུ་ནས་འཚར་ལོངས་བྱུང་ཞིང་། འབྲོག་ལས་སྡེ་ཁུལ་ནི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ཡིན་པའི་མིའི་རིགས་རིག་པ་བ་ཞིག་ཡིན། ཀྲུང་དབྱང་མི་རིགས་སློབ་གླིང(ད་ལྟའི་ཀྲུང་དབྱང་མི་རིགས་སློབ་ཆེན)ནས་སློབ་མཐར་ཕྱིན་རྗེས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ལས་ཀ་ལས་པ་རེད། སྔ་རྗེས་སུ་ནོར་ཝེའི་པེ་ཨེར་ཀེན་སློབ་ཆེན་དང་ཨོ་སི་ཁྲུ་ལི་ཡའི་ཁྲར་སི་ཐེ་སློབ་ཆེན་དུ་མིའི་རིགས་རིག་པའི་རབ་འབྱམས་པ་དང་འབུམ་རམས་པ་སློབ་སྦྱོང་གནང་མྱོང་བ་རེད།
ཁོང་གིས་རིག་གཞུང་ཞིབ་འཇུག་གི་ཡུལ་དངོས་ཀྱི་བརྟག་དཔྱད་བྱེད་པ་ནི་དུས་ཡུན་ཅུང་རིང་བོ་དགོས། ང་རང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་རྗེས། འཐུས་མིའི་འགན་འཁྲི་སྒྲུབ་པར་ཐད་ཀར་རིག་གཞུང་ཞིབ་འཇུག་བྱེད་སྟངས་བཀོལ་མི་རུང་བ་ཤེས་མོད། འོན་ཀྱང་གཟབ་ནན་གྱི་རིག་གཞུང་རྨང་གཞི་ཡིས་འགན་འཁྲི་སྒྲུབ་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ་ཀྱི་ཡོད།
པད་མ་མཚོ་དུས་རྒྱུན་དུ《བོད་ལྗོངས་ཡིག་ཚགས》དུས་དེབ་ཀློག་རྒྱུར་ཧ་ཅང་དགའ། པད་མ་མཚོས་བཤད་རྒྱུར། “ཉེ་ཆར་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་རྩོམ་སྒྱུར་བྱས་པའི《བོད་ལྗོངས་ལོ་རྒྱུས་ཡིག་ཚགས་ཚིག་མཛོད》ལ་བལྟས་པ་ཡིན། དེའི་ནང་དུ་ལྕགས་སྟག་ཞིབ་གཞུང་ལ་མཆན་འགྲེལ་འདི་འདྲ་ཞིག་བཀོད་ཡོད་དེ། ལྕགས་སྟག་ཞིབ་གཞུང་ནི་གོང་མ་ཆེན་པོའི་བཀའ་ཡིག་དང་བོད་བཞུགས་ཨམ་བན་གྱི་ལོ་རྒྱུས་ཝང་ཞུ་ལྟར། ཐེམ་ཐོ་དང་ཞིབ་གཞུང་སོགས་བཀོད་པའི་ཞིབ་ཆའི་ཐོ་འགོད་ཅིག་ལ་ཟེར་བ་ཡིན”པད་མ་མཚོ་ཡིས་འདི་ཡིས་ལོ་རྒྱུས་ཁྲོད་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱུང་བའི་གཏམ་རྒྱུད་ལྷུག་པར་མངོན་ཡོད་པར་འདོད།
པད་མ་མཚོ་ཡིས“བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཕྱག་ལས་གནང་བཞིན་པའི་གྲོགས་པོ་འབུམ་རམས་པ་རྡོ་བིས་ཚེ་རིང་རྒྱལ་གྱིས་ང་ལ་བོད་ཡིག་གི་ཡིག་ཚགས་མང་མོ་ཆེ་བར་ད་དུང་སྔར་ལས་སྔོག་འདོན་དང་། ལེགས་སྒྲིག དཀར་ཆག་བསྒྲིགས་པ་སོགས་ཀྱི་རྨང་གཞིའི་ལས་ཀ་དག་བྱེད་དགོས་ཞེས་བཤད་མྱོང་ཡོད” དེ་བས། ཁོང་གིས་ཆ་འཕྲིན་དེ་རྒྱལ་ཡོངས་ཚོགས་ཆེན་གཉིས་སྟེང་གྲོས་འགོ་འདོན་རྒྱུའི་བསམ་བློ་འཁོར།

2019ལོའི་ཟླ10པའི་ཚེས25ཉིན། བོད་ལྗོངས་ཀྱིས་ལོ་ལྔའི་རིང་རྩོམ་སྒྲིག་ཞིབ་འཇུག་བྱས་པའི་དཔེ་ཚོགས་ཆེ་གྲས《བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུ་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་བསྒྲིགས》དངོས་སུ་འགྲེམས་སྤེལ་བྱས་པ་དང་། དཔེ་ཚོགས་འདི་ཡིས་ཡོན་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ལ་བཅོས་སྐྱོང་བྱས་པའི་ལོ་རྒྱུས་དངོས་དེ་ཐོ་འགོད་བྱས་ཡོད།
ཁོང་གིས་བརྟག་དཔྱད་ཞིབ་འཇུག་ལས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བོད་ཡིག་ཡིག་ཚགས་ཁྱབ་ཁོངས་སུ་ཤེས་ལྡན་པའི་དཔུང་ཁག་སྐྱེད་སྲིང་བྱེད་པའི་ཐད་ད་དུང་མི་འདང་ས་ཁ་ཤས་ཡོད་དེ། དཔེར་ན། སྒྲིག་གཞི་བཀོད་སྒྲིག་ཐད་ནས། རིམ་པ་ཁག་གི་ཡིག་ཚགས་ཁང་གི་མི་སྣ་སྒྲིག་གཞི་དེ《ཡིག་ཚགས་ཁང་གི་འཛུགས་སྐྲུན་ཚད་གཞི》ཁྲོད་ཀྱི“ཡིག་ཚགས་ཁང་གི་བམ་པོ་གྲངས་འབོར་དང་སྒྲིག་གཞི་མི་གྲངས་བར་གྱི་བལྟོས་བཅས་འབྲེལ་བའི”བླང་བྱའི་ཚད་ལ་སླེབས་མེད་པར་མ་ཟད། སྒྲིག་གྲངས་སྟོང་བའི་སྣང་ཚུལ་རྒྱ་ཁྱབ་ཏུ་གནས་ཡོད།
མི་སྣའི་གྲུབ་ཚུལ་ཐད། བོད་ལྗོངས་ཀྱི་རིམ་པ་ཁག་གི་ཡིག་ཚགས་སྡེ་ཚན་གྱི་ལས་དོན་མི་སྣའི་སློབ་གཉེར་གྱི་བརྒྱུད་རིམ་ཅུང་མཐོ་བ(སློབ་ཆེན་དངོས་གཞིའི་ཚན་ཁག་དང་དེའི་ཡན་གྱིས་82.3%ཟིན་པ)དང་། ན་གཞོན་ཅན(ལོ45མན་གྱིས85.12%བཟུང་བ)གྱི་ཚད་མཐོ་རུང་། ཡིག་ཚགས་དོ་དམ་ཆེད་ལས་མི་སྣ་ཡིས8.7%ལས་ཟིན་མེད་པ་དང་། བོད་ཡིག་ཡིག་ཚགས་དོ་དམ་དང་། མྱུར་སྐྱོབ་ཉམས་གསོ། རྩོམ་སྒྲིག་་གསར་སྤེལ། ཞིབ་འཇུག་སོགས་དང་འབྲེལ་བའི་ཆེད་ལས་ཀྱི་ལག་རྩལ་ཤེས་ལྡན་པ་ཤིན་ཏུ་དཀོན་པ་རེད། མཐོ་སློབ་ཀྱི་ཆེད་ལས་བཀོད་སྒྲིག་དང་ཤེས་ལྡན་མི་སྣ་བསྡུ་བའི་ཆ་རྐྱེན་སོགས་རྒྱུ་རྐྱེན་གྱི་ཚད་བཀག་ཐེབས་པས། བོད་ཡིག་ཡིག་ཚགས་དོ་དམ་དང་། མྱུར་སྐྱོབ་ཉམས་གསོ། རྩོམ་སྒྲིག་གསར་སྤེལ་སོགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་དཀོན་པའི་གནས་ཚུལ་བྱུང་བ་དང་། འདི་ཡིས་བོད་ཡིག་ཡིག་ཚགས་ཀྱི་ལས་དོན་གཏིང་ཟབ་སྤེལ་བར་ཚད་བཀག་ནན་པོ་ཐེབས་པ་རེད།
པད་མ་མཚོ་ཡིས “བརྟག་དཔྱད་ཀྱི་བརྒྱུད་རིམ་ཁྲོད་དུ། ངས་ད་དུང་བོད་ཡིག་ལ་བྱང་ཆུབ་པའི་སློབ་ཆེན་སློབ་མ་དག་གིས་སློབ་མཐར་ཕྱིན་རྗེས་འཕྲལ་དུ་ཡིག་ཚགས་ལེགས་སྒྲིག་བྱེད་མི་ཐུབ་པ་ཤེས་རྟོགས་བྱུང་། དེ་བོད་ཡིག་གི་འགུལ་རྣམ་གྱི་འཕེལ་འགྱུར་དང་འགྱུར་ལྡོག་གི་བརྒྱུད་རིམ་དང་འབྲེལ་བ་ཡོད”ཅེས་བཤད། དུས་ཚོད་ངེས་ཅན་ཞིག་ནང་མ་ལག་ཚང་བའི་ངང་རིག་གནས་ཤེས་བྱ་གསོག་ཉར་མ་བྱས་ན། དང་པོ་དེ་ལས་མཁན་ཞིག་ཡིན་ན་བོད་ཡིག་ཡིག་ཚགས་ལ་ཞིབ་འཇུག་དང་འགྲེལ་བཤད་རྒྱག་མི་ཐུབ།
པད་མ་མཚོ་ཡིས་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ཁྲོད་ཀྱི་ཡིག་ཚགས་ཞིབ་འཇུག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དོན་སྙིང་གལ་ཆེན་ལྡན་ཞིང་། རྨང་གཞིའི་ཞིབ་འཇུག་གི་གྲུབ་འབྲས་འདི་དག་གིས་རྒྱལ་ཁབ་ཀྱི་དོན་བརྗོད་མ་ལག་ལ“ངོས་འཛིན་ལྔ”ཡི་རྒྱལ་སྤྱིའི་རིག་གཞུང་གཏམ་བཤད་མངོན་ཡོད་པར་མ་ཟད། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་འཛུགས་པར་དེ་བས་ཁྲིད་སྟོན་བྱེད་ཐུབ་པར་འདོད།
པད་མ་མཚོ་ཡིས་ད་ཡོད་ཀྱི་ཤེས་ལྡན་པ་བེད་སྤྱོད་ཡག་པོ་བྱས་པའི་རྨང་གཞིའི་ཐོག བོད་ཡིག་ཡིག་ཚགས་ཁྱབ་ཁོངས་སུ་བོད་རྒྱ་སྐད་གཉིས་ལ་བྱང་བའི་ཆེད་ལས་ཅན་གྱི་ཤེས་ལྡན་མི་སྣ་ཁག་ཅིག་མཁོ་བས། སྲིད་གཞུང་དང་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་ཆེད་ལས་ཁྱབ་ཁོངས་འདིའི་རིགས་སུ་ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།