ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2025ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > གསར་འགྱུར།

ཞི་མཐུན་དང་བདེ་སྐྱིད་ལྡན་པའི་ལེའུ་གསར་པ་རྩོམ་པ།

སྤེལ་དུས 2025-03-07 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
—— རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སྐོར་གླེང་བ།
  2024ལོ་ནས་བཟུང་། བོད་ལྗོངས་ཀྱི་གོང་འོག་ཚང་མས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་ཀའི་ལས་འགན་ཨང་དང་པོར་བརྩིས་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས་ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པར་བྱས་ཡོད།
  “ད་ཆ་བདེ་སྐྱིད་དང་། དུས་བདེ། ཞི་མཐུན། མཐུན་སྒྲིལ་བཅས་ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་མཚོན་ཚུལ་ངོ་མ་ཞིག་རེད”ཅེས་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་གྱི་ཧྲེ་ཀྲང་ལུའོ་ཆིང་ཝུའུ་ཡིས་གསར་འགོད་པར་གསུངས་དོན། “ན་ནིང་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། ཁྲིམས་སྐྱོང་ཆབ་མདོ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་འཛུགས་སྐྱོང་བྱེད་པར་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་སྲིད་འཛིན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ཁྲིམས་སྐྱོང་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་བརྟན་པོ་བཏང་བ་དང་། དམངས་ཡོངས་ཀྱིས་ཁྲིམས་བཀུར། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་སྔར་བས་ཟབ་ཏུ་བཏང་སྟེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་བྱེད་པར་ཕན་འབྲས་ཐོན་ཡོད”
  མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་རེད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྒྱུན་དུ་བཞད། 2024ལོར་ཀ་ལ་གྲོང་ཚོའི་གྲོང་མིའི་ཚོགས་ཆུང་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ཡོད།
  ཀ་ལ་གྲོང་ཚོར་བོད་ཀྱི“ཁམ་བུ་མེ་ཏོག་གི་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་བཟང་པོ་ཐོབ་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་བརྒྱུད་རིམ་ནང་ཀ་ལ་གྲོང་ཚོའི་དུད་ཚང་33གྱི་མང་ཚོགས་མཉམ་དུ་ཞུགས་ནས“ཡུལ་སྐོར+”ཡི་ལེའུ་ཡག་པོ་བརྩམས་ཏེ་ཁམ་བུའི་མེ་ཏོག་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་བར་བྱས་ཡོད།
  ཀ་ལ་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཉིང་ཁྲི་གྲོང་ཁྱེར་གྱི་ཧྲེ་ཀྲང་དཔའ་དར་གྱིས་གསུངས་པའི“གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྣམ་པ་གསར་པ་མངོན་པའི”གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད།
  དཔའ་དར་གྱིས་གསར་འགོད་པར་གསུངས་དོན། 2024ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་རྨང་རྩ་གཉིས་བརྟན་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱས་པས་བཅོས་སྐྱོང་གི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ཡོད། ཉིང་ཁྲི་གྲོང་ཁྱེར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་ལྟེ་གནས་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེ་དབར་སྟོང་གི་དཔེ་སྟོན་ཁུལ་གཞི་རྩའི་ཆ་ནས་གྲུབ་ཡོད། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཡོད།
  2025ལོ་ནི་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བའི་མཆོང་སྐྱོད་ལོ་ཞིག་ཡིན་པས་ལས་དོན་ཁག་ལེགས་པར་སྒྲུབ་པའི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། “ཆུ་ཚད་མཐོ་བའི་བདེ་འཇགས་ནི་འགན་སྲུང་གལ་ཆེན་ཞིག་ཡིན”དཔའ་དར་གྱིས་ཉིང་ཁྲིས་མཐའ་ཚད་འཛིན་སེམས་བརྟན་པོར་བཙུགས་པ་དང་བདེ་འཇགས་སྲུང་བཅད་བརྟན་པོར་བཙུགས་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས།
  བོད་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་དགའ་འོས་པའི་སྐོར་གླེང་སྐབས“ད་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད། བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་པའི་འོད་སྟོང་འཕྲོ་བའི་བརྒྱུད་རིམ་ལས་ང་ཚོར‘བརྟན་ལྷིང་ནི་འཕེལ་རྒྱས་ཀྱི་རྨང་གཞི་དང་འཕེལ་རྒྱས་ནི་བརྟན་ལྷིང་གི་ནུས་པ་ཡིན་པ’གསལ་པོ་བསྟན་ཡོད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་སྤེན་པ་ལྷ་མོས་མྱོང་ཚོར་ཟབ་མོའི་ངང་དེ་ལྟར་གསུངས།
  “དེང་གི་བོད་ལྗོངས་ཀྱི་བདེ་སྐྱིད་ལས་སླ་པོར་ཐོབ་པ་ཞིག་མིན་པས་གཅེས་སྤྲས་ལྡབ་བརྒྱ་བྱེད་རིན་ཡོད”ཅེས་སྤེན་པ་ལྷ་མོས་ངོས་འཛིན་གནང་དོན། བརྟན་ལྷིང་དང་འཕེལ་རྒྱས་ཕན་ཚུན་བརྟེན་རེས་དང་ཕན་ཚུན་སྐུལ་འདེད་གཏོང་བའི་ནང་གནས་འབྲེལ་བར་དམིགས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཏན་ཏིག་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས།
  2024ལོར་གཞིས་རྩེ་གྲོང་ཁྱེར་གྱི་ཚན་པ་ལྔ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པར་བདམས་པ་དང་། ལས་བྱེད་པ་དང་མང་ཚོགས་ཁྲི་1ལྷག་ཙམ་ལྗོངས་ཕྱིར་སློབ་སྦྱོང་དང་ལས་ཀར་བསྐྱོད་པས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་མ་ཐེབས་ཡོད། “མི་རིགས་ཁག་མཐུན་སྒྲིལ་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་སྲ་ཞིང་བརྟན་པའི་རྨང་གཞི་རེད”ཅེས་་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་ཆུང་ལགས་ཀྱིས་གསུངས།
ཉི་མ་ཆུང་ལགས་ཀྱིས་ངོ་སྤྲོད་གནང་དོན། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་གོང་འོག་ཡོངས་ཀྱིས་མི་རིགས་ཁག་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་བསྐྲུན་ཏེ“གྲོང་ཚོའི་ལས་བྱེད་པའི་རིག་གནས་བྱང་ཚད་མཐོར་གཏོང་འདུ་འགོད”དང“གྲོང་ཚོའི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་སློབ་གསོའི་འགག་སྒྲོལ་བྱ་སྤྱོད”ལག་བསྟར་གཏིང་ཟབ་བྱས་ཡོད། མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དེས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཡིད་ཆེས་དང་ཆོད་སེམས་ཀྱིས་ཁེངས་ཡོད།