“མིས་བཟོས་རིག་ནུས”ནི་མིག་སྔར་ཆེས་གླེང་མང་བའི་བརྗོད་གཞིའི་གྲས་ཤིག་ཡིན་ཞིང་། ཚོགས་འདུ་གཉིས་ཀྱི་རིང་དུ། དེ་ནི་འཐུས་མི་དང་ཨུ་ཡོན་ཚོས་དོ་ཁུར་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། ཚན་རྩལ་ཇི་ལྟར་བྱས་ན་རྒན་རྒོན་ཚོ་དང་འཚམ་པ་དང་། AIདང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཇི་ལྟར་བྱས་ན་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་ལ་ཁོང་ཚོས་འདི་ལྟར་གསུངས་འདུག
ལིའུ་ཆིང་ཧྥེང་གིས། འགྲོགས་རོགས་རྣམ་པའི་འཕྲུལ་མི་ལོ་གསུམ་ཡས་མས་སུ་ཁྱིམ་ཚང་དུ་ཡོད་སྲིད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཁོ་ཏ་ཤུན་ཧྥེའི་ཏུང་ཧྲི་ཀྲང་ལིའུ་ཆིང་ཧྥེང་གིས་བཏོན་པའི་གྲོས་འགོ་ཁག་དགུ་ནི་ཕྱོགས་ཡོངས་ནས“མིས་བཟོས་རིག་ནུས”ཐད་དུ་དམིགས་ཡོད།
ཚན་རྩལ་རྒན་རྒོན་དང་འཚམ་པའི་ཁྱབ་ཁོངས་སུ་ལིའུ་ཆིང་ཧྥེང་གིས། མིག་སྔར། AIཚན་རྩལ་བཀོལ་སྤྱོད་ཀྱིས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་རྒན་རྒོན་ཚོའི་རིམ་མང་སྨན་བཅོས་བདེ་ཐང་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་མོད། འོན་ཀྱང་སྔར་བཞིན་གཞི་གྲངས་ཀྱི་ཁེར་རྐྱང་དང་། གཞི་གྲངས་ཀྱི་འགལ་རྐྱེན་ཆེན་པོ། ཞབས་ཞུ་མཁོ་སྤྲོད་མི་འདང་བ་སོགས་ཀྱི་གནད་དོན་ལ་ཕྱོགས་དགོས་པས། ཚན་རྩལ་རྒན་རྒོན་དང་འཚམ་པའི་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་རྒན་རྒོན་ཚོགས་སྤྱིས“AIཡི་ཁེ་སྤོགས”མཉམ་སྤྱོད་ཐུབ་རྒྱུར་རམ་འདེགས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་ཡོད།
ང་ཚོ་དང་འཕྲུལ་མིའི་རྒན་གསོ་དབར་བར་ཐག་ག་ཚོད་ཡོད་དམ། ལིའུ་ཆིང་ཧྥེང་གིས་དེའི་ཐད། འགྲོགས་རོགས་རྣམ་པའི་འཕྲུལ་མི་ལོ་གསུམ་ཡས་མས་ནང་ཁྱིམ་ཚང་དུ་ཡོད་སྲིད་ཅིང་། ནུས་ཤོར་དང་ཕྱེད་ནུས་ཤོས་ཀྱི་རྒན་རྒོན་ལ་ནད་གཡོག་བྱེད་ཐུབ་པའི་འཕྲུལ་མི་ལོ་ལྔ་ཡས་མས་ནང་ཁྱིམ་ཚང་དུ་ཡོད་རྒྱུ་རེད། འབྱུང་འགྱུར་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ཟིན་པའི་གསར་དར་ཐོན་ལས་ཐོན་རྒྱུ་རེད་ཅེས་ལན་བསྐྱོན།
“AI+སློབ་གསོའི”ཁྱབ་ཁོངས་སུ་ལིའུ་ཆིང་ཧྥེང་གིས། སློབ་མ་རེའི་ཆ་སྙོམས་ཀྱི་གྲོན་དངུལ་གཏོང་སྒོའི་གྲུབ་ཆ་ལེགས་སུ་བཏང་ནས“AI+སློབ་གསོའི”ཐད་རྒྱུན་མཐུད་གྲོན་དངུལ་འགན་ལེན་མཁོ་འདོན་བྱེད་པ་དང་ཆབས་ཅིག AIདུས་རབས་ཀྱི་ཤེས་ལྡན་པའི་འདྲ་རིས་དང་གསོ་སྐྱོང་མ་ལག་བརྒྱུད་རིམ་ལྡན་པའི་ངང་འཛུགས་པ་དང་། གདེང་འཇོག་བྱེད་ཐབས་གསར་གཏོད་བྱེད་པ། AIཀུན་ཤེས་སློབ་ཚན་མང་དུ་གཏོང་བ། AIནུས་པ་སློབ་ཚན་གྱི་ཚད་གཞི་གསར་པའི་ནང་འཇུག་པ། “མིས་བཟོས་རིག་ནུས་ཀྱི་ཕྲག་སྟེང་དུ་ལངས་པའི་མིའི་རིགས་གསར་པ་གསོ་སྐྱོང་བྱེད་པ”བཅས་བྱེད་དགོས་པའི་གྲོས་འགོ་བཏོན།
ལེ་ཅུན་གྱིས“AIགདོང་བརྗེ་དང་སྐད་གདངས་འདྲ་བཟོའི”སྤྱོད་སྟངས་ལ་ཁྲིམས་ཀྱིས་བཅོས་སྒྲིག་བྱ་དགོས་པའི་འབོད་སྐུལ་གནང་།
“AIགདོང་བརྗེ་དང་སྐད་གདངས་འདྲ་བཟོ”དེ་ནི་གློག་བརྙན་བརྙན་འཕྲིན་དང་། བརྡ་ཁྱབ། སྤྱི་ཚོགས་འབྲེལ་བའི་ཁྱབ་ཁོངས་སོགས་སུ་རྒྱ་ཁྱབ་ཏུ་དར་ཞིང་།’“AIགདོང་བརྗེ་དང་སྐད་གདངས་འདྲ་བཟོའི”འོས་མིན་སྤྱོད་པའི་གནས་ཚུལ་ཡང་གང་བྱུང་དུ་ཁྱབ་པས་དེའི་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།
ཚེས4ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཞའོ་སྨི་ཚོགས་པའི་གསར་གཏོད་པ་ལེ་ཅུན་གྱིས་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། “AIལག་རྩལ་འཕེལ་རྒྱས་བྱུང་རྗེས། AIགདོང་བརྗེ་དངAIསྐད་གདངས་འདྲ་བཟོ་ནི་དྲ་ཐོག་ཏུ་གནོད་འཚེ་ཚབས་ཆེན་ཕོག་ཁུལ་དུ་གྱུར་ཡོད་ལ། ང་རང་ཡང་གནོད་འཚེ་ཕོག་མཁན་གཙོ་བོ་ཞིག་ཡིན་པས། གང་མགྱོགས་ངང་ཁྲིམས་བཟོས་བཅོས་སྒྲིག་བྱ་རྒྱུ་འབོད་སྐུལ་བྱེད”ཅེས་གསུངས།
ཆེད་དོན་བཅར་འདྲི་བྱེད་སྐབས་ལེ་ཅུན་གྱིས་ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་སུ་འཁྱེར་བའི་གྲོས་འགོ་ལྔ་ངོ་སྤྲོད་གནང་ཞིང་། དེའི་ནང“ནུས་རྒྱུ་གསར་པའི་འཁོར་རྟགས་བསྐྱར་དུ་ཇུས་འགོད་བྱ་རྒྱུའི་འབོད་སྐུལ”དང“རང་འགུལ་འཁོར་གཏོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ”སོགས་ཚུད་ཡོད། ལེ་ཅུན་གྱིས། ནུས་རྒྱུ་གསར་པའི་རླངས་འཁོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཚང་མས་རླངས་འཁོར་གྱི་བཟོ་ལྟ་དང་ཕྱི་ཚུལ་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་སོང་ཡོད། དེ་སྔའི“རིམ་བཞིན་ལྗང་འགྱུར”གྱི་འཁོར་རྟགས་ཕར་བལྟས་ན་སྙིང་རྗེ་པོ་ཡོད་མོད། འོན་ཀྱང་ཚོན་མདོག་སྣ་ཚོགས་ཀྱི་རླངས་འཁོར་ཐོག་བསྒར་སྐབས་དྲ་དམངས་མང་པོ་ཞིག་གིས་འཚམ་པོ་དེ་ཙམ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། མི་མང་པོ་ཞིག་གིས་འཁོར་རྟགས་བསྐྱར་དུ་ཇུས་འགོད་བྱ་རྒྱུའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་གསུངས།