བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་མུ་མཐུད་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་པ།
སྤེལ་དུས 2025-03-10
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཟླ་3ཚེས་7ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པས་མུ་མཐུད་ཚོགས་ཆུང་གི་གྲོས་བསྡུར་བྱས་པ་དང་རིགས་ཁོངས་ཁག་གཅིག་གིས་རིགས་ཁོངས་ཀྱི་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་ཏུ་ཚོགས་ཆུང་གིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ལ་དམིགས་ནས་གྲོས་མོལ་ཇུས་འབུལ་གནང་བ་རེད།
ཨུ་ཡོན་བསོད་ནམས་ཉི་མ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ། ངག་དབང་། ཞུས་ཅན་ཅུན་སོགས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ་རེད།
གཞིས་རྩེ་གྲོང་ཁྱེར་ནས་ཡིན་པའི་ཨུ་ཡོན་ཉི་མ་ཆུང་ལགས་ཀྱིས་ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཡག་པོ་བྱེད་དགོས་པ་དང་གཙོ་གནད་ས་ཁུལ་གྱི་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད། དེ་ལས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཐའ་མཚམས་མི་དམངས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དེ་བས་གཏིང་ཟབ་ཚོར་བ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་འགྲོ་ངེས་རེད་ཅེས་གསུངས་པ་རེད།
ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྙན་སྒྲོན་ནང་མི་དམངས་སྲིད་གྲོས་མི་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད། 2024ལོར་ང་རྒྱལ་ཡོངས་སྲིད་གྲོས་ཀྱིས་སྒྲིག་འཛུགས་བྱས་པའི་བརྟག་ཞིབ་ནང་ཐེངས་གཉིས་ཞུགས་རྒྱུ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་ཐེངས་གཅིག་བྱས་པ། གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུར་ཐེངས་གཅིག་ཞུགས་པས་དམངས་ཆེད་འགན་སྒྲུབ་བྱེད་རིང་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དང་མི་དམངས་སྲིད་གྲོས་རྩ་འཛུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ངོ་བོར་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་བྱུང་། སླད་ཕྱིན་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་ཡག་པོ་བླངས་ནས་བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤུས་ཚད་མཐོ་བའི་འགན་སྒྲུབ་ཆེད་སྲིད་གྲོས་ཨུ་ཡོན་གྱི་དུས་རབས་ཀྱི་ཉམས་འགྱུར་མངོན་ཐུབ་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ཨུ་ཡོན་བློ་གྲོས་རྒྱ་མཚོས་མི་དམངས་སྲིད་གྲོས་འདི་ཉིད་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་མཐུན་སྒྲིལ་ལ་བརྟེན་ནས་བྱུང་བ་དང་། གནས་པ། དར་རྒྱས་བཅས་བྱུང་བས་མི་རིགས་ཁག་དང་ལས་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་བསྣན་ཡོད། ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་དང་འོས་འགན་བློ་ལ་བརྟན་པོར་བཅངས་ནས་བོད་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོར་བཙུགས་ཏེ་བསྟན་དོན་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད་སེམས་ནུས་གཅིག་སྒྲིལ་དང་འགན་སྒྲུབ་ཡག་པོ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།