ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2026ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > སྲིད་གྲོས་ཚོགས་འདུ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པ་པེ་ཅིན་དུ་འབྱོར་བ།

སྤེལ་དུས 2026-03-06 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

ཟླ3པའི་ཚེས3ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་དང་མངག་བཅོལ་བསྣམས་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་གནམ་གྲུར་བསྡད་ནས་པེ་ཅིན་དུ་འབྱོར།
            ཟླ3པའི་ཚེས3ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པ་པེ་ཅིན་དུ་འབྱོར་ནས། ཚོགས་ཆེན་ལ་མིང་ཐོ་བཀོད།
            པེ་ཅིན་དུ་མ་སོང་གོང་། མཚོ་སྔོན་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་གྲོང་ཁྱེར་གྲོང་གསེབ་དང་། ཐོན་ལས་ཀྱི་འཐབ་ཕྱོགས་དང་པོར་སོང་ནས་རྟོག་ཞིབ་དང་འཚམས་འདྲི་བྱས་པ་དང་། མང་ཚོགས་ཀྱི་སེམས་གཏམ་ལ་ཞིབ་མོར་ཉན་ཞིང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་སེམས་ཞིབ་ཕྲས་གསེད་བཀྲོལ་བྱས་པ་དང་། ཕྱོགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ལ། བསམ་འཆར་དང་གྲོས་གཞི་ཞིབ་ཚགས་བཟོས་ནས། ཚོགས་ཆེན་ཐོག་བདེན་ཚིག་དང་ཐབས་ཇུས་བཟང་པོ་འབུལ་ཆེད་གྲ་སྒྲིག་གང་ལེགས་བྱས་ཡོད། འཐུས་མི་ཚོས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་མངགས་བཅོལ་ཆེན་པོ་བློ་ལ་བརྟན་པོར་ངེས་ནས་ཕ་ཡུལ་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་མཚོ་སྔོན་མི་དམངས་ཀྱི་སེམས་གཏམ་དེ་ཚོགས་འདུ་གཉིས་ཀྱི་ཚོགས་རར་འཁྱེར་རྒྱུ་ཡིན་པར་མགྲིན་གཅིག་ཏུ་བསྟན།
            འཐུས་མི་ཅང་ཀྲི་ཀང་གིས་བཤད་རྒྱུར། ད་ཐེངས་ཀྱི་ཚོགས་འདུར་མ་ཞུགས་གོང་། ཁོང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་། སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས། འཕྲད་པའི་དངོས་ཡོད་འགྲན་སློང་བཅས་ལ་བརྟག་དཔྱད་གཏིང་ཟབ་བྱས་པ་དང་། ཚོགས་ཆེན་ཐོག་བསམ་འཆར་དང་ཐབས་ཇུས་བཏོན་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྲིད་ཇུས་དང་། མ་དངུལ། ལག་རྩལ་བཅས་ཀྱི་རྒྱབ་སྐྱོར་དེ་བས་མང་པོ་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད་ཟེར།
            འཐུས་མི་ལིའུ་ཞའོ་རུང་གིས་བསྟན་དོན། ཉེ་ཆར་ཁོང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭ་དང་གཞི་རིམ་སྨན་བཅོས་སྒྲིག་གཞིར་ཟབ་འཇུག་བྱས་ནས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། གཞི་རིམ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་མང་པོ་བསྡུ་རུབ་བྱས་ཡོད། ད་ཐེངས་ཚོགས་ཆེན་གཉིས་ཀྱི་ལས་སྟེགས་ལ་བརྟེན་ནས། དགེ་མཚན་ལྡན་པའི་སྐད་ཆ་བཏོན་ནས་དམངས་འཚོ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མང་པོས་དེ་བས་དྲང་གཞག་ངང་མི་རིགས་ཁག་གི་མང་ཚོགས་ལ་ཕན་ཁེ་བསྐྲུན་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།
            དཔྱིད་མགོ་ཚུགས་པ་དང་བསྟུན་འགན་འཁྲི་བསྒྲུབས་ནས་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དགོས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་སྒུག་དང་མངག་བཅོལ་སེམས་སུ་བཅངས་ནས། མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ཀྱིས་བློ་སྟོབས་ཆེན་པོས་ཡར་རྒྱས་ཀྱི་རྣམ་འགྱུར་དང་བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་ཐོག་ནས། ནན་ཏན་གྱིས་འགན་སྒྲུབ་དང་གྲོས་གཞི་འདོན་པ་དང་། མཚོ་སྔོན་གྱི་སྐད་སྒྲ་བརྒྱུད་སྒྲོག་དང་མཚོ་སྔོན་གྱི་གཟུགས་བརྙན་མངོན་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚོགས་ཆེན་གྱི་ལས་འགན་ཁག་ལེགས་འགྲུབ་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། དཔལ་གཡང་།