མི་རིགས་མཐུན་སྒྲིལ་ནི་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱིས་ངེས་པར་དུ་དམ་འཛིན་ལེགས་པོ་བྱེད་དགོས་པའི་བྱ་བ་གཙོ་བོ་ཡིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་རང་ཞིང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་བར་མ་ལག་ལྡན་པའི་བཀོད་སྒྲིག་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་ནས། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་གཏོང་དགོས་པ་ནན་གྱིས་བསྟན། མིག་སྔར་དང་རྗེས་མའི་དུས་སྐབས་གཅིག་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་རིམ་ཡིན། ང་ཚོས་མི་རིགས་མཐུན་སྒྲིལ་ལ་ཕན་པའི་བྱ་བ་མང་པོ་བསྒྲུབ་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ཕྱོགས་ནས་སྔོན་ལ་བསྐྱོད་པ་དང་མིག་དཔེ་སྟོན་དགོས་པ་དང་། ཞིན་ཅང་དང་བོད་འབྲེལ་ས་ཁུལ་གཏན་འཇགས་སུ་གཏོང་བའི་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་ར་ཇེ་བརྟན་དུ་བཏང་སྟེ། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱེད་དགོས།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་མེད་མི་ཆོག མཚོ་སྔོན་གྱི་ས་ཆ་སོ་སོའི་གྲོང་གསེབ་དང་སྡེ་ཁུལ། ཞིང་སྡེ་དང་འབྲོག་ཁུལ་དུ་སོང་ན། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་རྣམ་པ་མང་པོ་གང་སར་མཐོང་ཐུབ། རྣམ་པ་མང་པོའི་སྒྲོག་འགྲེལ་ཚོགས་པ་གཞི་རིམ་གྱི་ལས་ཡུལ་དང་པོར་སོང་ནས། ཏང་གི་སེམས་གཏམ་དང་དང་མི་རིགས་མཐུན་སྒྲིལ་གྱི་གཙོ་རྒྱུན་གདངས་དབྱངས་རོང་འབྲོག་མང་ཚོགས་ཀྱི་སེམས་གཏིང་སུ་ཟུག་པར་བྱས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་བྱ་འགུལ་བཅུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ཀྱི་བརྙན་ཐུང་འགྲེམ་གཏོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱའི་སྐོར་དྲ་སྟེང་ནས་དྲི་བ་དྲིས་ལན་འདེབས་པ། ལུས་རྩལ་བྱ་འགུལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ཀྱི་དོན་དངོས་དང་དངོས་ཡོད་ལག་ལེན་སྔོག་འདོན་དང་ཞིབ་འཇུག་བྱེད་པ་སོགས་བྱས་ཤིང་། མི་རིགས་སོ་སོའི་མང་ཚོགས་ཀྱི་བཅོས་སྒྱུར་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་འགྱུར་བར་བྱས།
དམངས་སེམས་གཅིག་མཐུན་དང་འཆམ་མཐུན་མཐུན་སྒྲིལ་བྱས་ཚེ། ཐུན་མོང་འཕེལ་རྒྱས་དང་ཐུན་མོང་ཡར་ཐོན་བྱུང་ནས་ཐུན་མོང་བདེ་སྐྱིད་ལྡན་ངེས། མཚོ་སྔོན་ནི་ཞིན་ཅང་དང་བོད་ལྗོངས་བརྟན་བརླིང་ཡོང་བའི་འཐབ་ཇུས་ཀྱི་གཙོ་གནད་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་ཇུས་ཆེན་གྱི་བྱེད་ཕྱོགས་དང་། དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་གཙོ་ཐིག་ཏུ་བྱས་ནས། གནང་བ་གསུམ་དང་ཕན་ཡོད་གཅིག་གི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ་དང་། མི་རིགས་སོ་སོ་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། བོད་འབྲེལ་ས་ཁུལ་གྱི་གཏན་འཇགས་སྲུང་སྐྱོབ་བྱེད་པའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་གཏོང་བ་དང་། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱིས་འཆམ་མཐུན་འཕེལ་རྒྱས་དང་ཕྱར་བ་གྲུ་འདེགས་བྱས་ནས་སེའུ་འབྲུ་བཞིན་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས།
མིག་སྔར། ཞིང་ཆེན་ཡོངས་སུ་མཐུན་སྒྲིལ་ཁྱིམ་གཞི་སུམ་བརྒྱ་གྱ་བརྒྱད་བསྐྲུན་ཚར་བ་དང་། ནུས་ཤུགས་ཡོད་རྒུས་ཐིམ་སིམ་རྣམ་པའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་འཕེལ་རྒྱས་ཁོར་ཡུག་བསྐྲུན་པ་རེད། ཞིང་ཆེན་དང་རྫོང་ཡོངས་སུ་རྒྱལ་ཡོངས་དཔེ་སྟོན་ཁུལ་གྱི་མིང་བཏགས་པའི་ས་ཁུལ་ཞེ་གཉིས་ལ་འཕར་བ་དང་། ཞིང་ཆེན་རིམ་པས་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ལས་ཁུངས་བརྒྱ་དང་བཅུ་དགུ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་བཞི་བཅུ། ན་གཞོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་དཔེ་སྟོན་ས་ཚིགས་ཉི་ཤུ་བཅས་ལ་མིང་བཏགས་པ་རེད། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ཐེག་གནས་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞིང་། མི་རིགས་སོ་སོའི་མང་ཚོགས་རྣམས་བར་སྟོང་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཀྱི་ཕྱོགས་ཡོངས་ནས་ཟབ་ཞུགས་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་། ཆོས་ལུགས་ལས་དོན་དོ་དམ་ཚད་ལྡན་བྱེད་པའི་ཐད་ཤུགས་འདོན་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པར་ཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་དགོངས་པའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས།
མི་རིགས་མཐུན་སྒྲིལ་གྱི་བྱ་བ་ལེགས་པོར་བསྒྲུབ་པའི་ཆེས་རླབས་ཆེ་བའི་སྟོབས་ཤུགས་ནི་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དེ་ཡིན། རང་ཞིང་གི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་འགལ་བ་གཙོ་བོ་དང་མངོན་གསལ་གནད་དོན་དམ་འཛིན་ནན་མོ་བྱེད་པ་དང་། སྤྱི་ཚོགས་བྱ་བའི་ཐོན་ཁུངས་ནུས་ལྡན་སྒོས་སྡེབ་སྒྲིག་བྱེད་ཅིང་། གཞི་རིམ་བྱ་བའི་སྟོབས་ཤུགས་གཅིག་སྡུད་བྱེད་པ། ལས་རིགས་ཀྱི་མཐུན་ཚོགས་ཚོང་ཚོགས་དང་། རྩ་འཛུགས་གསར་བ་གཉིས་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་བདེ་ཐང་འཕེལ་རྒྱས་འགྲོ་བ་བཅས་ལ་ཁྲིད་སྟོན་བྱས་ནས། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་གཏོང་བའི་ཐད་མཉམ་ལས་མཉམ་འགུལ་བྱེད་དགོས། དངོས་ཡོད་ནས་མགོ་རྩོམ་པ་དང་། རང་འགུལ་སྒོས་རྒུད་སྐྱོབ་མཉམ་ལས་སྟོབས་ཤུགས་སྦྲེལ་མཐུད་བྱེད་ཅིང་། སྤྱིའི་ཆ་ནས་རྒུད་སྐྱོབ་མཉམ་ལས་ལས་གཞི་འཆར་འགོད་བྱས་ཏེ། ལས་གཞི་འཛུགས་སྐྲུན་དང་དྲིན་གཟོའི་སློབ་གསོ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ནས། རྒུད་སྐྱོབ་མཉམ་ལས་ཀྱི་སྤུས་ཚད་ཇེ་མཐོ་དང་ནུས་པ་ཇེ་ཆེར་གཏོང་བའི་ཐད་རིམ་སྤོར་ཤུགས་སྣོན་བྱེད་པ་དང་། ཕྱོགས་ཡོངས་ནས་མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས།
མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་མཚོ་སྔོན་གྱིས་དེང་རབས་ཅན་གྱི་ཕྱོགས་གོམ་པ་སྤོས་པའི་བདེན་དཔང་གཙོ་བོ་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་འཐབ་ཕྱོགས་ཆེན་པོའི་བྱ་བའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད། ང་ཚོས་མཐུན་སྒྲིལ་འབད་འཐབ་ཡར་བརྩོན་གྱི་དར་ཆ་མཐོ་རུ་བསྒྲེང་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་ཅིང་། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ཏང་གི་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བཞག་དེ་མཚོ་སྔོན་མཐོ་སྒང་ནས་རྒྱུན་ཆད་མེད་པར་དར་སྤེལ་གཏོང་དགོས།