ཝང་ཧུའུ་ཉིང་གིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སུ་གཟིགས་ཞིབ་གནང་སྐབས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པོར་སྒྲུབ་དགོས་པ་ནན་གྱིས་བསྟན།
སྤེལ་དུས 2025-04-09
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས6ནས་ཚེས8ཉིན་བར་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སུ་གཟིགས་ཞིབ་གནང་། ཁོང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་སྣ་ཚོགས་ཀྱི་གཙོ་རྐང་དུ་བརྩིས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་དུ་བློ་བརྟན་འགྱུར་མེད་སྒོས་བསྐྱོད་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཏན་ཏིག་གིས་ལེགས་པོར་སྒྲུབ་དགོས་ཞེས་བསྟན།
ཝང་ཧུའུ་ཉིང་ཁྲུང་ཙུའོ་གྲོང་ཁྱེར་ཅང་ཀྲིག་ཆུས་ཀྱི་སློབ་ཆུང་དང་པོ་དང་། ཞིན་ཧོ་གྲོང་རྡལ་པུའུ་ཧྭ་སྡེ་བ། མངར་ཆ་བཟོ་བའི་ཁེ་ལས་བཅས་སུ་ཕེབས་པ་དང་། ཧྥང་ཁྲིན་ཀང་གྲོང་ཁྱེར་ཧྲི་ཝན་ཧྲན་ཡའོ་རིགས་ཡུལ་ཚོའི་མུའུ་ཕའེ་སྡེ་བ་དང་པེ་ལུན་ཧི་ཁུག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་། གྲུ་ཁ། དམངས་གཉེར་ཁེ་ལས་བཅས་ལ་གཟིགས་ཞིབ་གནང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སློབ་གྲྭ་དང་གྲོང་གསེབ། ཁེ་ལས་བཅས་སུ་སྐྱོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དང་མི་རིགས་རིག་གནས་རྒྱུན་འཛིན་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ཀོང་ཞི་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དཔལ་འབྱོར་དང་། སློབ་གསོ། ལས་ཞུགས། སྡེ་ཁུལ་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྣ་ཚོགས་ཁྲོད་དོན་འཁྱོལ་བྱས་ཏེ། དམ་འཛིན་ཞིབ་ཚགས་དང་ཡུན་རིང་དམ་འཛིན། ཕན་འབྲས་ཐོན་པ་བཅས་བྱས་ནས། ཀོས་ལིན་གྱི་ས་གཞི་ཆེན་པོར་རྩ་བ་ཚུགས་ཐུབ་པར་བྱེད་དགོས་ཞེས་བསྟན། ནན་ཉིང་དུ་ཝང་ཧུའུ་ཉིང་གིས་ཀོང་ཞིའི་རྟེན་མཛོད་ཁང་དང་། ཀོང་ཞིའི་མི་རིགས་སློབ་གྲྭ་ཆེན་མོ། ཆིན་ཞིའུ་ཆུས་ཧྥིན་ལིན་སྡེ་ཁུལ་བྱང་མ་བཅས་སུ་གཟིགས་ཞིབ་གནང་སྟེ། ཀོང་ཞིའི་མི་རིགས་སོ་སོའི་བར་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པས། ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། གནའ་རྫས་རྟོག་ཞིབ་ཀྱི་དངོས་རྫས་དང་། རིག་གནས་ཤུལ་བཞག ལོ་རྒྱུས་ཀྱི་དཔྱད་ཡིག་དངོས་བཅས་སྔོག་འདོན་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཚད་མཐོའི་ལོ་རྒྱུས་གསལ་བཤད་བྱེད་དབང་དང་གཏམ་གླེང་བྱེད་དབང་དམ་འཛིན་བྱེད་དགོས་ཞེས་བསྟན།
གཟིགས་ཞིབ་གནང་སྐབས། ཝང་ཧུའུ་ཉིང་གིས་ཀོང་ཞིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་འཇགས། མཐའ་མཚམས་བདེ་འཇགས་བཅས་ཀྱི་གནས་བབ་བཟང་བོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ལ། རྣམ་པ་ལྡན་པ་དང་བསམ་ཚུལ་ཡོད་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་ལས་དོན་དམ་འཛིན་ཏན་ཏིག་དང་། ཐུན་མོང་གི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་གཞུང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། མི་རིགས་སོ་སོའི་བར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། དུས་རབས་གསར་པར་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་མཐུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས།
ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོར་སྒྲུབ་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་བསྟན།
ཝང་ཧུའུ་ཉིང་ད་དུང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་དང་ཧྥང་ཁྲིན་ཀང་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་སུ་གཟིགས་ཞིབ་གནང་བར་ཕེབས་ནས། ནན་ཉིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་མཛད།